༢༠༡༢ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར།
༅༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ཉིན་བཞུགས་སྒར་དུ་གནས་སྡོད་བསྟན་འཛིན་འཕེལ་རྒྱས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱབ་ཡུལ་ཤུལ་ཁུལ་རྫ་སྟོད་གྲོང་བརྡལ་དུ་རྒྱལ་གཅེས་དཔའ་བོ་ངག་དབང་ནོར་འཕེལ་ལགས་དང་བསྟན་འཛིན་མཁས་གྲུབ་ལགས་གཉིས་ཀྱིས་བོད་ཀྱི་རྒྱལ་དར་རེ་ཕྱར་ཏེ་བོད་རང་བཙན་དགོས། ༸རྒྱལ་བ་རིན་པོ་ཆེ་ཁྲི་ལོར་བརྟན་པར་ཤོག ཅེས་སྐད་འབོད་བརྒྱབ་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་བཏང་རྗེས་བསྟན་འཛིན་མཁས་གྲུབ་ལགས་སྐབས་དེར་འདས་གྲོངས་སུ་གྱུར་ཡོད་ནའང་། ངག་དབང་ནོར་འཕེལ་ཟིལ་དཀར་དགོན་དུ་ཉར་ཡོད་ཀྱང་ཡུན་རིང་གསོན་པའི་རེ་བ་མེད་སྟབས། ཕྱི་དྲོ་ཆུ་ཚོད་ ༤ ཐོག་ཟི་ལིང་སྨན་ཁང་དུ་འཁྱེར་འདུག སྐབས་དེར་དགེ་འདུན་མང་པོས་ཁོང་རྒྱ་མིའི་ལག་ཏུ་ཤོར་ཚེ་མནར་གཅོད་ཕོག་རྒྱུ་ཡིན་པ་རྒྱུ་ཉག་གཅིག་ལ་བརྟེན། མཐར་དགོན་པའི་དོ་དམ་མི་སྣ་དང་ཉེན་རྟོག་པའི་བར་གྲོས་བསྡུར་གྱི་དགེ་འདུན་པ་གཉིས་ནད་གཡོག་ཏུ་བསྡད་ཆོག་པ་བྱས་ཏེ་སྨན་ཁང་དུ་གཏོང་རྒྱུར་ཁས་ལེན་འོག་ད་བར་ངག་དབང་ནོར་འཕེལ་ལགས་སྨན་ཁང་ནང་སྨན་བཅོས་བྱས་འདུག་འོན་ཀྱང་། ཕྱི་ཟླ་ ༧ ཚེས་ ༣༠ ཉིན་བོད་ནང་ས་གནས་ཉིན་གུང་གི་ཆུ་ཚོད་ ༣།༣༠ ཙམ་ལ་ཟི་ལིང་སྨན་ཁང་དུ་ཁོང་འདས་གྲོངས་གྱུར་རྗེས་ཕྱི་ཚེས་ ༣༡ ཉིན་སྔ་དྲོ་ས་གནས་སུ་སྐུ་ཕུང་ཞུགས་འབུལ་གནང་བའི་གནས་ཚུལ་ཐོན་འདུག
དེ་སྔོན་ངག་དབང་ནོར་འཕེལ་ལགས་ནི་ཨ་མདོ་རྔ་པ་ཁུལ། རྔ་པ་རྫོང་ནས་ཡིན་པ་དང་ལོ་ཤས་གོང་ནས་རྫ་སྟོད་དུ་ཡོང་སྟེ་སྡོད་ཀྱི་ཡོད་ཞེས་པའི་གནས་ཚུལ་ཐོན་ཡོད་ཀྱང། ཐེངས་འདིར་གོང་གསལ་གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན། ཁོང་ནི་བོད་ལྗོངས་གཞིས་རྩེ་ས་ཁུལ་གཉའ་ལམ་རྫོང། སྨན་ཕུགས་ཤང་། འཁྲུལ་འདུལ་གྲོང་ཚོ་ནས་ཡིན་པ་དང་ཕྱི་ལོ་ ༢༠༠༨ ཟླ་ ༡༡ པའི་ནང་ཕ་ཡུལ་དང་ཁ་བྲལ་ཏེ་ནང་མི་གཉེན་འབྲེལ་ཚོར་རྒྱུན་རིང་བར་འབྲེལ་བ་བྱུང་མེད་ཀྱང་། ལོ་གཉིས་མ་ཟིན་ཙམ་དུ་ནང་ལ་ཁ་པར་ཐེངས་གཅིག་འབྱོར་ཏེ་ཁམས་ཕྱོགས་སུ་བདེ་ཐང་ངང་ལས་དོན་ཞིག་གི་ཐོག་ལྷག་སྐོར་དང་། མི་འགྱང་བར་ཕྱིར་ཕ་ཡུལ་དུ་ཡོང་རྒྱུ་ཡིན་པ་སོགས་བརྗོད་འདུག
ཁོང་ཡུལ་ཤུལ་རྫ་སྟོད་གྲོང་བརྡལ་དུ་གནས་ཚུལ་ལྷག་རྗེས་ས་གནས་ཉེན་རྟོག་པས་ཕ་ཡུལ་གཉའ་ལམ་དུ་ནང་མིར་འབྲེལ་བ་བྱས་པ་ལས་ཤེས་རྟོགས་བྱུང་འདུག ཁོང་ནི་བོད་རང་སྐྱོང་ལྗོངས་ཁོངས་ནས་རྒྱ་གཞུང་ལ་ཞི་རྒོལ་ཆེད་རང་ལུས་མེར་སྲེག་གཏོང་མཁན་གསུམ་པ་དེ་ཆགས་ཡོད་པ་བཅས།།
ངག་དབང་ནོར་འཕེལ་ལགས་རང་ལུས་མེར་སྲེག་འོག་འདས་གྲོངས་སུ་གྱུར་བའི་གནས་ཚུལ་ཐོན་པ།
གསར་གནས།
འབྲེལ་གནས།