༢༠༡༢ ཟླ་ ༧ ཚེས་ ༢༧ རེས་གཟའ་པ་སངས།
༄༅། །བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། དྭགས་ནང་པའི་ཆོས་ཚོགས་དང་མངའ་རིས་ཚང་ཤེས་རིག་ལྷན་ཚོགས་ཐུན་མོང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༦ ཉིན་སྔ་དྲོའི་ཆུ་ཚོད་ ༨ ཙམ་ལ་མངའ་རིས་ཚང་དགོན་སྡེའི་ཁྱབ་ཁོངས་ཀྱི་དགེ་འདུན་པ་ལྔ་བཅུ་བརྒལ་བར་ཇོ་བོ་གཙུག་ལག་ཁང་དུ་བསྙེན་རྫོགས་ཀྱི་སྡོམ་པ་འབོགས་ཆོག་སྩལ་ཡོད།
ཕྱེད་ཡོལ་མགོན་པོ་གང་ཉིད་མཆོག་གིས་འཇམ་དབྱངས་སློབ་གྲྭར་འཚམས་གཟིགས་སུ་ཆིབས་སྒྱུར་བསྐྱངས་ཏེ་སློབ་ཕྲུག་དང་མི་མང་ཁྱོན་གྲངས་ ༥༠༠ བརྒལ་བར་ལམ་སྟོན་བཀའ་སློབ་སྩལ་དོན། བརྩེ་བའི་སློབ་ཕྲུག་སྤྱི་དང་ལྷག་པར་རྡ་ཧ་ནུ་ལུང་ཁུག་གི་ས་ཁུལ་ནས་ཡོང་བའི་སློབ་ཕྲུག དེ་བཞིན་སློབ་ཕྲུག་ཚོའི་ཕ་མ་དང་འབྲེལ་ཡོད། སློབ་གྲྭའི་དགེ་ལས། ཕྱིར་ཡང་མི་མང་མང་དག་ཅིག་སླེབས་འདུག ཁྱེད་རང་ཚང་མར་ཞུ་རྒྱུར། དེ་རིང་ངོས་རང་འདི་གར་ཁྱུག་ཙམ་ཡོང་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། དེང་སྐབས་སློབ་གྲྭར་ཕྱིའི་ཆ་རྐྱེན་ཙམ་དུ་མ་ཟད། ནང་གི་མཐུན་རྐྱེན་ལྷག་སྔར་ཡར་རྒྱས་ཕྱིན་ཡོད་སྟབས། སློབ་ཕྲུག་ཁྱེད་རང་ཚོས་དགེ་རྒན་དང་སློབ་དེབ་ཁོ་ནར་མ་བརྟེན་པར་རང་ཉིད་ཀྱིས་སློབ་སྦྱོང་ལ་དོ་སྣང་ཤུགས་ཆེ་ཙམ་སྤྲོད་དགོས། དེ་བཞིན་རྡ་ཧ་ནུ་ནས་ཡིན་པའི་སློབ་ཕྲུག་ཁྱེད་རང་ཚོར་ཡང་སློབ་སྦྱོང་གི་གོ་སྐབས་ཤིག་ཐོབ་ཡོད། དེར་བརྟེན་ཁྱེད་རང་ཚོས་སློབ་སྦྱོང་ཐོག་ཤུགས་སྣོན་རྒྱག་དགོས། སྤྱིར་བཏང་སློབ་གྲྭ་འདིའི་མིང་ལ་འཇམ་དབྱངས་ཞེས་ཐོབ་ཡོད་པ་དེ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཤེས་རབ་ཀྱི་ལྷ་ཡིན་པར་བརྟེན། ཁྱེད་རང་ཚོའི་ཆོས་རབ་ཏུ་འབྱེད་བྱེད་ཀྱི་རྣམ་དཔྱོད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་རྒྱུ་ཞེས་པ་དེ་སྨོན་ལམ་བརྒྱབ་པ་དང་གཟུངས་སྔགས་བགྲང་པས་ཕྲན་བུ་ཕན་པ་ལས་ཞེ་དྲག་ཕན་ཐོགས་མེད། ཆོས་རབ་ཏུ་འབྱེད་བྱེད་ཀྱི་རྣམ་དཔྱོད་ཀྱི་ཤེས་རབ་གོང་ནས་གོང་དུ་འཕེལ་རྒྱུའི་ཉེར་ལེན་གྱི་རྒྱུ་གཙོ་བོ་སློབ་སྦྱོང་ལ་དྲན་ཤེས་བརྟེན་ནས་ཐོས་བྱུང་ཙམ་དུ་མ་བཞག་པར། གནད་འགག་དང་རྒྱུ་མཚན་དེ་དག་བསམ་བྱུང་གིས་ཡང་ནས་ཡང་དུ་དཔྱད་ནས་འགྲོ་རྒྱུ་དེ་ཆོས་རབ་ཏུ་འབྱེད་བྱེད་ཀྱི་རྣམ་དཔྱོད་འཕེལ་ནས་མཐར་ང་ཚོའི་རྒྱུད་ལ་ཡོད་པའི་ཤེས་རབ་ཀྱི་རྒྱུན་མཐར་ཐུག་རྗེ་བཙུན་འཇམ་དཔལ་དབྱངས་ཆགས་ཐུབ་རྒྱུའི་འགྲོ་སྟངས་དེ་ལྟར་རེད། དེར་བརྟེན་ཁྱེད་རང་ཚོས་སློབ་སྦྱོང་ཐོག་ཤུགས་རྒྱག་དགོས། དེ་མིན་སློབ་སྦྱོང་གལ་ཆེན་པོ་རེད་ཅེས་སློབ་དེབ་ནང་ཡོད་པ་དང་དགེ་རྒན་གྱིས་བསླབ་པ་དེ་བློར་འཛིན་ཐུབ་པ་ཙམ་མིན་པར་དགེ་རྒན་གྱིས་བསླབ་ཡོད་པའི་དོན་དག་དེར་སོ་སོས་བསམ་བློ་བཏང་སྟེ་ཡང་ནས་ཡང་དུ་དཔྱད་པ་བྱས་ཏེ་དཔྱད་དོན་ངེས་པ་རྙེད་པ་ཞིག་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། སྤྱིར་བཏང་ཧི་མ་ལ་ཡའི་རི་ཁུལ་ནས་དེ་སྔ་བོད་དུ་སློབ་གཉེར་བྱེད་རྒྱུའི་ལུགས་སྲོལ་ཡོད། ཤར་མོན་ནས་ནུབ་ལ་དྭགས་བར་དུ་བར་སྐབས་རིས་སུ་མ་ཆད་པའི་ཆོས་སྒར་ཁག་ལ་སློབ་འཇུག་ལ་བཞུགས་པའི་ཕལ་ཆེར་དགེ་འདུན་སྟོང་ཕྲག་ལྔ་དྲུག་ཡོད།
དེ་དག་གིས་སློབ་སྦྱོང་གཏིང་ཟབ་བྱས་ནས་ཡོང་སྟབས། སོ་སོ་སྒེར་དང་སངས་རྒྱས་ཀྱི་བསྟན་པ་སྤྱི་ལ་ཕན་གྱི་ཡོད། དེ་བཞིན་བོད་ཀྱི་ཆོས་དང་རིག་གཞུང་ལའང་ཕན་གྱི་ཡོད། གང་ལྟར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་དང་རིག་གཞུང་བོད་ནས་མཆེད་པ་ཞིག་ཡིན་སྟབས། ཆོས་དང་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་རྒྱུར་ད་ལྟ་བཙན་བྱོལ་བའི་ཆོས་སྒར་ཁག་ནང་སློབ་སྦྱོང་བྱེད་བཞིན་པ། དཔེར་ན། བློ་བཟང་བསམ་གཏན་ལྟ༌བུ་སོགས་ཀྱིས་སློབ་སྦྱོང་བྱས་པ་དེས་ཧ་ཅང་ཕན་ཐོགས་བྱུང་ཡོད། དེ་བཞིན་ལ་དྭགས་སྤྱི་བྱིངས་ནང་ནས་གང་ལ་གང་ཙམ་ཡོད། རིམ་བཞིན་ཁྱེད་རང་ཚོ་རྡ་ཧ་ནུའི་ཕྲུ་གུ་ཚོའི་ནང་ནས་བཤད་གྲྭ་སྤུས་དག་པོ་ཡོད་མཁན་ཚོའི་ནང་ལ་གཙོ་བོ་སོ་སོའི་རང་དབང་རེད། ཁྲལ་སྐུལ་མཁན་མེད་ཀྱང་འཛུལ་བཞུགས་བྱེད་མཁན་བྱུང་ན་ཡག་པོ་ཡོང་གི་རེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད། །