༢༠༡༢ ཟླ་ ༧ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ལ་དྭགས་ཀྱི་རྒྱལ་ས་སླེ་རུ་རྟེན་གཞི་བྱས་པའི་ལམ་སྟོན་སློབ་གྲྭའི་དགེ་ལས་ཡོངས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལམ་སྒྲོན་སློབ་གྲྭར་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་འདུག དེ་ཡང་ཐོག་མར་མགོན་པོ་གང་ཉིད་མཆོག་ལ་དྭགས་ལམ་སྒྲོན་སློབ་མ་རྣམས་ཀྱིས་མཆོད་སྤྲིན་གྱི་གླུ་དབྱངས་ལམ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྔ་དྲོའི་ཆུ་ཚོད་ ༨།༡༥ ཐོག་ལམ་སྒྲོན་སློབ་གྲྭའི་སྨན་ཁང་གསར་པ་དབུ་འབྱེད་མཛད་གྲུབ་མཚམས་སློབ་གྲྭའི་ཚན་རིག་གི་འཛིན་ཁང་གསར་པར་རབ་གནས་དབུ་འབྱེད་བསྐྱངས། དེ་ནས་མགོན་པོ་གང་ཉིད་མཆོག་གིས་དབུ་འབྱེད་མཛད་སྒོར་ལམ་སྒྲོན་སློབ་གྲྭས་གཙོས་སླེ་ཉེ་འཁྲིས་ཀྱི་སློབ་གྲྭ་ཁག་སུམ་ཅུ་ཙམ་ནས་ཆེད་བཅར་ཞུས་པའི་སློབ་མ་སྟོང་ཚོ་གཉིས་ལ་ཉེ་བར་ཐོག་
མར་འཚམས་འདྲི་མཛད་པ་དང་ཆབས་ཅིག་ལམ་སྟོན་བཀའ་སློབ་སྩལ་དོན།
དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་བོ་བྱུང་། ད་ཆ་ལ་དྭགས་ནང་སྔར་ལྷག་ཡར་རྒྱས་ཕྱིན་ཏེ་གྲུབ་འབྲས་ཡག་པོ་ཐོན་འདུག་པས། ངོས་རང་ཧ་ཅང་དགའ་པོ་བྱུང། ང་རང་ཚོའི་འདི་ཕྱི་གཉིས་དང་དེ་རིང་སང་ཉིན་ཡིནའང་འདྲ། གང་ལྟར་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་གལ་འགངས་ཆེན་པོ་ཆགས་ཡོད། མི་ཚེ་གཅིག་ལ་ཆ་བཞག་ན། ཤེས་ཡོན་མེད་ན་མི་ཚེ་བདེ་ཞིང་སྐྱིད་པའི་ཐོག་ནས་འཁྱོལ་རྒྱུ་ཧ་ཅང་ཁག་པོ་རེད། ལྷག་པར་ད་ཆ་དུས་རབས་ཉེར་གཅིག་ནང་སླེབས་ཡོད། དེར་བརྟེན་ཤེས་ཡོན་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་ནང་གི་དོན་ཆེན་ཡིན།
དེ་བཞིན་སངས་རྒྱས་པའི་ཆོས་ཀྱི་འགྲོ་སྟངས་དེ་ཆོས་རབ་ཏུ་འབྱེད་བྱེད་ཀྱི་རྣམ་དཔྱོད་ཀྱི་ཤེས་རབ་ཀྱི་ནུས་པ་རྩལ་དུ་བཏོན་པའི་ཐོག་ནས་ཐ་སྙད་ཀྱི་དབང་དུ་བྱས་པའི་དངོས་པོའི་གནས་ཚུལ་དང་། དོན་དམ་པའི་དབང་དུ་བྱས་པའི་དངོས་པོའི་གནས་ཚུལ་དེ་དག་ཡག་པོ་ཤེས་པའི་ཐོག་ནས་བསམ་བློར་འགྱུར་བ་གཏོང་རྒྱུ་ཞིག་ཡོང་གི་ཡོད། དེར་བརྟེན་སངས་རྒྱས་ཀྱི་ཆོས་ཉམས་ལེན་བྱེད་མཁན་ཞིག་ཡིན་ན། སློབ་སྦྱོང་བྱས་ཏེ་སངས་རྒྱས་པའི་ཆོས་ཤེས་པ་དང་ཡིད་ཆེས་རྙེད་པ་ཞིག་བྱེད་དགོས། སངས་རྒྱས་པའི་ཆོས་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་པ་རེད་མ་གཏོགས་ཆོས་ལ་རྒྱུ་མཚན་ཡོད་ཀྱང་རང་ཉིད་ཀྱིས་རྒྱུ་མཚན་དེ་དག་མ་ཤེས་པའི་ཐོག་ནས་དད་པ་བྱས་ན་རྨོངས་དད་ཆགས་ཀྱི་ཡོད། དེང་སང་དུས་རབས་ཉེར་གཅིག་ནང་སླེབས་སྐབས་རྨོངས་དད་བྱས་ནས་ཁུངས་འཁྱོལ་ཐབས་མེད། དེར་བརྟེན་འདི་ཕྱི་གཏན་གྱི་འདུན་པ་བསྒྲུབ་རྒྱུར་སློབ་སྦྱོང་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད།
ད་ལྟ་འདིར་ཡོད་པའི་ཚན་རིག་པ་སློབ་ཕྲུག་ཚོས་ཀྱང་རིམ་བཞིན་དུས་རབས་ཉེར་གཅིག་འདི་ད་ལྟ་འགོ་སྟོད་རེད། དུས་རབས་ཉེར་གཅིག་གི་ལོ་བརྒྱད་ཅུ་གྱ་གྲངས་གཞི་ནས་ཡོང་རྒྱུ་ཡིན། དེ་དག་ནང་ད་ལྟ་འདིར་སློབ་སྦྱོང་བྱེད་མཁན་སློབ་ཕྲུག་ཁྱེད་རང་ཚོས་མ་འོངས་པར་རིམ་བཞིན་སྤྱི་ཡོངས་ཀྱི་འགྲོ་བ་མིའི་ཕྱིའི་དངོས་པོ་རིག་པ་དང་ནང་སེམས་ཁམས་རིག་པ་བཅས་ཀྱི་ཤེས་ཚད་གོང་འཕེལ་གཏོང་རྒྱུ་དང་། ཤེས་ཚད་གོང་མཐོར་ཕྱིན་པའི་ཐོག་ནས་མིའི་བདེ་སྐྱིད་ལ་ཕན་ཐོགས་བསྒྲུབ་ཐུབ་པ་ཞིག་ཏན་ཏན་ཡོང་གི་རེད་ལ་དེ་ལྟར་ཡོང་རྒྱུའི་རེ་བ་དང་སྨོན་ལམ་ཡོད། ཅེས་སོགས་ཀྱི་བཀའ་སློབ་སྩལ་ཡོད།
རྩ་བའི་༸གོང་ས་མཆོག་གིས་དབུ་འབྱེད་བསྐྱངས་པའི་ལམ་སྒྲོན་སློབ་གྲྭའི་ཚན་རིག་གི་འཛིན་ཁང་གསར་པ་དེ་བཞིན་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་ཞལ་འདེབས་གནང་བ་ཞིག་ཡིན་འདུག་པ་བཅས། །