༢༠༡༢ ཟླ་ ༧ ཚེས་ ༣༡ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༩ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དྭགས་ཀྱི་རྒྱལ་ས་སླེ་ནས་རྒྱང་ཐག་ཀི་ལོ་མི་ཊར་ ༥༠༠ ཡས་མས་སུ་ཡོད་པའི་ཀར་གྷིལ་རྫོང་ཁོངས་ཟངས་དཀར་དུ་ཐད་འཕུར་གནམ་གྲུ་བརྒྱུད་ཆིབས་སྒྱུར་བསྐྱངས་ཏེ་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཟངས་དཀར་ས་གནས་སུ་༸ཞབས་སོར་འཁོད་སྐབས། ཁུལ་དེའི་དད་ལྡན་སེར་སྐྱ་མང་ཚོགས་རྣམས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་དགའ་དད་སྤྲོ་གསུམ་སྒོ་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་དད་ལྡན་སེར་སྐྱ་མང་ཚོགས་སྟོང་ཚོ་བརྒལ་བར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་སྔོན་འགྲོའི་ཆོས་འབྲེལ་དབུ་འཛུགས་སྐབས་བཀའ་སློབ་སྩལ་དོན། དེ་རིང་ངོས་རང་འདི་གར་ཡོང་ནས་ཁྱེད་རང་ཚོ་ཐུག་སྟེ་ཆོས་འབྲེལ་བྱེད་རྒྱུ་བྱུང་བ་ཧ་ཅང་དགའ་པོ་བྱུང། ངོས་ཀྱིས་ཐོག་མར་ཁྱེད་རང་ཚོ་ཚང་མར་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ཆ་ཟངས་དཀར་ས་གནས་སུ་ཕྱི་དངོས་པོ་ཡར་རྒྱས་ཕྱིན་པའི་རྣམ་པ་གསལ་པོ་འདུག
དེ་དང་མཉམ་དུ་གཙོ་བོ་ནང་སེམས་རྒྱུད་བཟང་པོ་ཡར་རྒྱས་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ནང་སེམས་རྒྱུད་ཡར་རྒྱས་གཏོང་རྒྱུའི་སྐོར་དཔལ་ནཱ་ལེནྡྲ་ནས་བརྒྱུད་པའི་ནང་པ་སངས་རྒྱས་པའི་ཆོས་ནང་ཞིབ་ཕྲ་གསུངས་ཡོད། བོད་ཀྱི་ནང་པ་སངས་རྒྱས་ཀྱི་ཆོས་དེ་བཞིན་མཁན་ཆེན་ཞི་བ་འཚོ་སོགས་ནས་བརྒྱུད་དེ་བྱུང་བ་ཞིག་ཡིན། མཁན་ཆེན་ཞི་འཚོར་ཆ་བཞག་ན། ལྟ་གྲུབ་སྨྲ་བ་ཙམ་ཡིན་པ་མ་ཟད། ནཱ་ལེནྡྲའི་མཁས་པའི་གཙུག་རྒྱན་ཆགས་ཡོད། ང་ཚོས་ནང་སེམས་རྒྱུད་བཟང་པོ་ཡར་རྒྱས་གཏོང་ཕྱོགས་ཐོག་དམིགས་བསལ་གྱི་དོ་སྣང་སྤྲོད་དགོས། དེ་བཞིན་ང་ཚོས་རྒྱུ་མཚན་ཤེས་པའི་ཐོག་ནས་ཆོས་ལ་དད་པ་དང་ཡིད་ཆེས་རྙེད་པ་ཞིག་བྱེད་དགོས་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དབུ་འཛུགས་བསྐྱངས་ཡོད།
དེ་བཞིན་ཕྱི་ཚེས་ ༣༠ ཉིན་མགོན་པོ་གང་ཉིད་མཆོག་གིས་ལག་ལེན་སོ་བདུན་མའི་ཆོས་འབྲེལ་འཕྲོ་སྐྱོང་མཛད་རྗེས་དགེ་བཤེས་གླང་རི་ཐང་པས་མཛད་པའི་སློབ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་བསྐྱངས་པ་མ་ཟད། དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་ཡོད། ཕྱི་ཚེས་ ༣༡ སྟེ་ཆོས་འབྲེལ་ཉིན་མཐའ་མར་མགོན་པོ་གང་ཉིད་མཆོག་གིས་དད་ལྡན་སེར་སྐྱ་མང་ཚོགས་ལ་ཚེ་དབང་བཀའ་དྲིན་བསྐྱང་རྗེས་ཟངས་དཀར་ཁུལ་གྱི་སེར་སྐྱ་མང་ཚོགས་ཐུན་མོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་༸ཞབས་པད་བསྐལ་བརྒྱར་བརྟན་པའི་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས། །