༢༠༡༢ ཟླ་ ༧ ཚེས་ ༡༦ རེས་གཟའ་ཟླ་བ།
༄༅། །འདི་གར་ས་གནས་ནས་ཕྱི་དྲིལ་བོད་ཡིག་ཚན་པའི་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་བཟང་མཁས་གྲུབ་ལགས་ཀྱིས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ཐོག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ལྷན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བཀའ་སློབ་བཀའ་དྲིན་ཆེ་བ་སྩལ་ཡོད།
དེ་ཡང་མངའ་སྡེ་འདིའི་ཡུལ་སྐོར་བློན་ཆེན་ངག་དབང་རིག་འཛིན་མཆོག་དང་ཤི་རི་ན་ག་ལ་དྭགས་ཁུལ་ནས་ཡིན་པའི་ལས་བྱེད་དང་ཆེད་ལས་སློབ་སྦྱོང་བྱེད་མི་ཁག་གཅིག དེ་བཞིན་མཐོ་སློབ་ཁག་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་ཕྲུག་དང་མི་མང་བཅས་ལ་ཤི་རི་ན་ག་ནཱ་གིན་ཁ་ལབ་ (Nigeen Club) ཞེས་པའི་ཚོགས་ཁང་དུ་ཁྱོན་མི་གྲངས་ ༨༠༠ བརྒལ་བར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་དོན།ངོས་རང་དེ་རིང་ལ་དྭགས་ཁུལ་ནས་ཡིན་པའི་གཅེན་གཅུང་རྣམས་དང་ཐུག་འཕྲད་བྱེད་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་།
དེ་རིང་ངོས་ནས་ཁྱེད་རྣམ་པར་རྒྱུན་དུ་བརྗོད་བཞིན་པ་རྣམས་མདོར་བསྡུས་ཤིག་ཞུ་རྒྱུ་དང་དེ་ནས་དྲི་བ་དྲིས་ལན་བྱེད་རྒྱུ་ཡིན། དེ་ཡང་ཐོག་མར་ངོས་རང་ས་ཕྱོགས་གང་དུ་བསྐྱོད་མི་མང་ལ་གཏམ་བཤད་བྱེད་སྐབས་དང་པོར་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སེམས་ཚོར་དང་ལུས་ཕུང་གང་གི་ཆ་ནས་གཅིག་མཚུངས་དང་ཚང་མར་བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོན་པ་གཅིག་མཚུངས་ཡིན། དེར་བརྟེན་ཕན་ཚུན་འཁྲུག་རྩོད་བྱེད་དགོས་པའི་གཞི་རྩ་ཆགས་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ་བ་དང་སྦྲགས་སྐུའི་རླབས་ཆེན་མཛད་ཁུར་གསུམ་ནས་གོང་མ་གཉིས་རེ་རེ་བཞིན་ཁོང་རྣམས་ལ་ངོ་སྤྲོད་མཛད།
དེ་རྗེས་ལ་དྭགས་ཁུལ་གྱི་ནང་པ་རྣམས་ཀྱིས་ངེས་པར་དུ་ནང་པའི་རིག་གཞུང་ལ་སློབ་སྦྱོང་བྱེད་དགོས་པ་དང་རྒྱལ་བའི་བཀའ་འགྱར་བསྟན་འགྱུར་གཉིས་ལ་སློབ་དེབ་ཀྱི་ངོ་བོར་འདུ་ཤེས་འཛིན་ཏེ་སློབ་སྦྱོང་བྱེད་དགོས་པ་དང་། གཞན་ཡང་ནང་པའི་རིག་གཞུང་སློབ་སྦྱོང་བྱེད་པར་ཕྱིའི་སྐད་ཡིག་ནང་ནས་བོད་ཀྱི་སྐད་ཡིག་དེ་ཡག་ཤོས་དང་ཐག་ཉེ་ཤོས་ཤིག་ཡིན་པས་དེ་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན། དེ་ཡང་ཁྱེད་ཚོས་ངེས་པར་དུ་དུས་རབ་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས་པ་ཡིན།
ཞེས་སོགས་ཀྱི་བཀའ་སློབ་ཕེབས་རྗེས་གཞོན་སྐྱེས་ཚོའི་དྲི་བར་བཀའ་ལན་མཛད་གྲུབ་རྗེས་དོན་ནན་ཆེན་པོས་བཀའ་སློབ་སྩལ་བའི་ནང་། ཁྱེད་ཚོས་ངེས་པར་དུ་སློབ་སྦྱོང་ལ་དོ་སྣང་མང་ཙམ་བྱེད་དགོས། བོད་ཡིག་ལྟ་ཀློག་མི་ཤེས་མཁན་ཚོས་དེང་སྐབས་དབྱིན་ཡིག་ཐོག་དེབ་རིགས་མང་པོ་འཐོན་བཞིན་ཡོད་པ་རྣམས་ལྟ་ཀློག་མང་ཙམ་བྱེད་དགོས། ལ་དྭགས་ནས་ཡིན་པ་རི་རྫོང་རིན་པོ་ཆེ་ཧ་ཅང་མཁས་དབང་བསམ་གྱིས་མི་འཁྱབ་པ་ཞིག་ཡིན།
དེ་མིན་དེང་སྐབས་ལ་དྭགས་ནས་ཡིན་པའི་གཞོན་སྐྱེས་མང་པོ་ཞིག་གིས་འབྲས་སྤུངས་དང་སེ་ར་བཅས་གདན་ས་ཁག་ནང་སློབ་སྦྱོང་བྱེད་བཞིན་ཡོད་པ་ཁོང་ཚོའི་ཤེས་ཡོན་ཡག་པོ་ཆགས་ཡོད། ཁོང་རྣམས་ཁྱེད་ཚོས་ངེས་པར་བླ་མར་ངོས་འཛིན་བྱེད་མི་དགོས་ཀྱང་ཁོང་ཚོའི་ལྷན་དུ་ཆོས་གྲོགས་ཀྱི་ངོ་བོའི་ཐོག་ནས་བགྲོ་གླེང་གནང་ཕན་ཕགས་ཐོགས་ཆེན་པོ་དང་ཡག་པོ་ཡོང་གི་རེད།
རྩ་བའི་ལ་དྭགས་ནང་ནང་དོན་རིག་པར་སློབ་སྦྱོང་གི་འཛིན་གྲྭ་ཚུགས་ཚར་ཡོད། ངོས་ཀྱི་མཛད་སྒོ་ཁག་གཅིག་ནང་ཁོང་ཚོའི་ནང་དོན་རིག་པར་སློབ་སྦྱོང་བྱས་པའི་ཤེས་ཚད་ཤེས་རྟོགས་ཐུབ་པ་བྱུང་བ་བརྒྱུད་ཡག་ཐག་ཆོད་འདུག ཅེས་སོགས་པའི་ལམ་སྟོན་བཀའ་སློབ་ཟབ་རྒྱས་སྩལ་བར་བརྟེན་དེར་འདུས་མི་མང་ཡོངས་ལ་དགའ་དད་སྤྲོ་གསུམ་གྱི་བདེ་བའི་རང་བཞིན་སྦྱིན་ཡོད་པ་བཅས།།