༢༠༡༢ ཟླ་ ༧ ཚེས་ ༩ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༤ ཉིན་ལྷོ་ཀོ་རི་ཡའི་རྒྱལ་ས་སི་ཡོལ་དུ་རྟེན་གཞི་བྱས་པའི་དོང་ཀུག་གཙུག་ལག་སློབ་ཁང་དུ་ Dongguk University ༸གོང་ས་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་དང་ཉི་ཧོང་དང་ཤར་ཨེ་ཤི་ཡའི་སྐུ་ཚབ་དོན་གཅོད་ལྷག་པ་འཚོ་སྒོ་ལགས་བཅས་དབུ་བཞུགས་ཐོག དོང་ཀུག་གཙུག་ལག་སློབ་ཁང་གི་ནང་པའི་བཀའ་བསྟན་གསུང་རབ་ཉམས་ཞིབ་ཚོགས་ཆུང་གི་གཙུག་ལག་སློབ་དཔོན་དང་ལྷོ་ཀོ་རི་ཡའི་བོད་ཁང་འགན་འཛིན་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་༉༸རྒྱལ་བའི་ཞབས་བརྟན་གསུང་སྐུལ་གནང་བ་དང་སྦྲགས། སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ་དབུ་འཛུགས་གནང། མཛད་སྒོའི་སྐབས་ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱས་པའི་ནང་པའི་ཆོས་ཚོགས་ཁག་མི་འདྲ་བ་མང་པོའི་སྐུ་ཚབ་འཐུས་མི་དགེ་འདུན་པ་བཅས་ཁྱོན་སྐུ་མགྲོན་མི་གྲངས་ ༦༠༠ བརྒལ་བས་ལྷན་བཞུགས་གནང་ཡོད།
སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་ལྷོ་ཀོ་རི་ཡའི་སྐད་ཡིག་ནང་༸གོང་ས་མཆོག་གི་མཛད་རྣམ་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་བོད་ཀྱི་ཉི་མ། ‘(Sun of Tibet) ཞེས་པ་དེ་དབུ་འབྱེད་གནང་ཡོད།
དཔེ་དེབ་དེ་ནི་གཙོ་བོ་དགེ་བཤེས་བསྟན་འཛིན་ནམ་མཁའ་ལགས་ཀྱིས་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་ཕྱོགས་སྒྲིག་གནང་བ་ཞིག་ཡིན་འདུག སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལངས་ཕྱོགས་བརྟན་པོ་ཡོད་པ་དང། ད་བར་བོད་ནང་དུ་བོད་མི་ ༤༠ ལྷག་གི་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་མི་ཚོར་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་བྱས་སྐོར་སོགས་ཛ་དྲག་གི་གནས་སྟངས་སྐོར་ངོ་སྤྲོད་གནང། ཕྱོགས་མཚུངས་ལྷོ་ཀོ་རི་ཡའི་ནང་བོད་དོན་ཐོག་ཧ་ཅང་སེམས་འཚབ་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། ཕྱོགས་མཚུངས་ལྷག་པ་འཚོ་སྒོ་ལགས་ཀྱིས་སྔ་ལོའི་༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་མཉམ་ཞུགས་གནང་མཁན་མང་པོ་ཞིག་ཐེངས་འདིར་ཡང་ཕེབས་ཐུབ་པར་དགའ་ཚོར་ཆེན་པོ་བྱུང་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང། མཛད་སྒོའི་སྲུང་བརྩི་ཞུས་པའི་སྐོར་བརྒྱུད་ལམ་ཁག་གི་བརྙན་འཕྲིན་གྲགས་ཆེ་བ་མང་པོའི་ནང་བསྟན་ཡོད་པ་བཅས།།