༢༠༡༢ ཟླ་ ༧ ཚེས་ ༡༣ རེས་གཟའ་པ་སངས།
༅༅། །འདི་གར་འདོད་རྒུ་གླིང་བོད་མིའི་གཞིས་སྒར་གྱི་ས་གནས་འགོ་འཛིན་ལས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༢ ཉིན་བཏང་གནས་ནང་འཁོད་དོན། འདི་ཟླའི་ཕྱི་ཚེས་ ༦ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་གཞིས་སྤྱི་ཚོགས་ཁང་ཆེན་མོའི་ནང་དུ་ས་གནས་འགོ་འཛིན་ལས་ཁང་ནས་གོ་སྒྲིག་ཐོག་གཞིས་བྱེས་བོད་མི་ཡོངས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་ཕྱི་ལུགས་དགུང་གྲངས་ ༧༧ བཞེས་པའི་༸སྐུའི་འཁྲུངས་སྐར་དུས་ཆེན་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧།༣༠ ཐོག་གཞིས་སྒར་མི་མང་ནས་རང་ལུགས་གྱོན་ཆས་ཀྱི་གཟབ་འཕྱོར་ལེགས་པར་གྱོན་ཏེ་ནོར་བུ་རིར་ཡིད་སེམས་དགའ་བའི་ངང་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་དང་སྐུ་རླུང་དར་འཛུགས་ཀྱིས་མཚོན་བསང་གསོལ་གྲུབ་མཚམས་མཛད་སྒོའི་དོངས་གཞིར་སྐུ་མགྲོན་གཙོ་བོ་ཀར་ན་ཊཀ་མངའ་སྡེའི་གྲོས་ཚོགས་འཐུས་མི་སྐུ་ཞབས་ Shri . VS Patil མཆོག་གིས་དབུས་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན། ཆོས་བརྒྱུད་ཁག་གི་མཁན་པོ་བླ་སྤྲུལ། ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་དང་ས་གནས་འགོ་འཛིན།
སློབ་སྤྱི་དགེ་ཆེ་རྣམ་པ། ཡུལ་མི་ས་གནས་ཀྱི་འགོ་ཁྲིད་དང་གསར་འགོད་རྣམ་པ། སྤྱི་མི་ཕྱག་མཛོད་དང་སེར་སྐྱ་མི་མང་སློབ་ཕྲུག་བཅས་ཁྱོན་མི་གྲངས། ༢༠༠༠ བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་དུང་རྒྱ་སྤོས་སྣེས་སྔོན་བསུས་ཏེ་བཞུགས་ཁྲིའི་སྟེང་གདན་ཞུས་རྗེས་སྐུ་མགྲོན་རྣམ་པས་རིམ་བཞིན་མཇལ་དར་སྒྲོན་འབུལ་ཞུས་ཏེ་སྐུ་མགྲོན་གཙོ་བོ་མཆོག་གིས་མར་མེ་ཞལ་ཕྱེ་གནང་མ་ཐག་བོད་ཀྱི་བདེན་དོན་དང་སངས་རྒྱས་ཀྱི་བསྟན་པའི་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཞུས་པ་དང་།
དེ་ནས་འཕགས་བོད་གཉིས་ཀྱི་རྒྱལ་གླུ་བཏང་རྗེས་མཁན་པོ་སྐུ་བགྲེས་བསོད་ནམས་ཆོས་འཕེལ་ལགས་ཀྱིས་༸གོང་ས་མཆོག་གི་མཛད་རྣམ་སྙིང་བསྡུས་ཤིག་ངོ་སྤྲོད་ཞུས་གྲུབ་མཚམས་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་ཀྱིས་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་སྒྲོགས་སྦྱང་གནང་། དེ་ནས་སྐུ་མགྲོན་གཙོ་བོ་མཆོག་གིས་རྒྱ་གར་མི་མང་དང་བོད་མིའི་དབར་འབྲེལ་ལམ་དམ་ཟབ་ཡོད་པ་དང་། བོད་མི་རྣམས་ཀྱིས་༸གོང་ས་མཆོག་ལ་དད་གུས་ཆེན་པོ་ཞུ་བཞིན་ཡོད་པ་ལྟར་ཡུལ་མི་རྣམས་ཀྱིས་སྐྱབས་ཡུལ་དམ་པར་ངོས་འཛིན་གྱི་བརྩི་བཀུར་ཞུ་གི་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་ས་གནས་འཐུས་ཚོགས་ཀྱི་ཚོགས་གཙོ་གུ་རུ་རྒྱལ་མཚན་ལགས་ཀྱིས་དུས་ཆེན་དང་འབྲེལ་བའི་གསུང་བཤད་དང་། ས་གནས་འགོ་འཛིན་བསོད་ནམས་བསྟན་འཛིན་ལགས་ཀྱིས་བཀའ་ཤག་གི་གསུང་བཤད་སྒྲོགས་སྦྱང་གྲུབ་བསྟུན་མཉམ་ཞུགས་གནང་བའི་སྐུ་མགྲོན་རྣམ་པས་དབུས་སེར་སྐྱ་མི་མང་།
དེ་བཞིན་གཞིས་གྲོང་དགུའི་ཉེ་འདབས་རྒྱ་གར་གྲོང་གསེབ་བཅུ་གསུམ་གྱི་མི་མང་སོགས་ལ་འཁྲུངས་སྐར་དུས་ཆེན་གྱི་མངར་ཟས་བགོས་འགྲེམས་བྱས་པ་མ་ཟད། རིག་གཞུང་འཁྲབ་སྟོན་གནས་རྗེས་ཕྱི་ནང་སྐུ་མགྲོན་རྣམས་ལ་ཉིན་གུང་གི་གསོལ་ཚིགས་ཕུལ་ཡོད་པ་བཅས།།