༢༠༡༢ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༩ རེས་གཟའ་ཕུར་བུའི་ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོད་སྤྲིན་འབུལ་ཤམ་ཐོག་རྒྱལ་རོང་མཚོ་བདུན་ཀིརྟི་དགོན་པའི་གྲྭ་བློ་བཟང་བློ་འཛིན་ལགས་ཀྱིས་རང་ལུས་མེར་སྲེག་བཏང་རྗེས་འདས་གྲོངས་སུ་གྱུར་བར་སྨོན་ལམ་གསུང་འདོན་གནང་རྒྱུ་ཡིན་འདུག
རང་ལོ་ ༡༨ སོན་པ་གྲྭ་བློ་བཟང་བློ་འཛིན་ལགས་དམ་པ་ཁོང་གིས་འདི་ཟླའི་ཕྱི་ཚེས་ ༡༧ ཉིན་བོད་ནང་གི་ཉིན་གུང་ཆུ་ཚོད་ ༡༢ ཡོལ་ཙམ་ལ་ཚོ་བདུན་ཀིརྟི་དགོན་པའི་གླིང་དཀྱིལ་གྱི་འདུ་ཁང་མདུན་ནས་རང་ལུས་མེར་སྲེག་བཏང་སྟེ། ས་གནས་ཞང་སྲིད་གཞུང་ཕྱོགས་སུ་གོམ་འགྲོས་བྱས་རྗེས་འདས་གྲོངས་གྱུར་ཡོད།
བོད་མིའི་སྒྲིག་འཛུགས་ཀྱིས་དམ་པ་ཁོང་ནས་བོད་ཀྱི་རྩ་དོན་ཆེད་རང་སྲོག་གློས་གཏོང་གནང་བར་གདུང་སེམས་མཉམ་སྐྱེ་ཆེད་སྨོན་ལམ་གོ་སྒྲིག་ཞུ་རྒྱུ་མ་ཟད། ཕྱེད་ཡོལ་ཆུ་ཚོད་ ༤ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་སྒོ་བརྒྱབ་སྟེ་སྲི་ཞུའི་ལས་བྱེད་ཚང་འཛོམས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མཆོད་འབུལ་གནང་རྒྱུ་ཡིན་འདུག་པ་བཅས།།