༢༠༡༢ ཟླ་ ༧ ཚེས་ ༣༠ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༢༩ ཉིན་གྱི་ཕྱེད་ཡོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ས་གནས་བོད་མི་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༥༠༠ ཙམ་ལ་གསུང་བཤད་གནང་དོན། བོད་མི་མང་སྤྱི་འཐུས་རྒྱ་རི་བུ་ཕྲུག་ལགས་དང་ལྷོ་སྤྱི་མཉམ་འབྲེལ་གྱི་འགན་འཛིན། དེ་བཞིན་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོས་དབུས་འཐུས་མི་རྣམ་པ། མི་མང་དང་སློབ་ཕྲུག་རྣམ་པ་ཚང་མར་དེ་རིང་ང་རང་འདིར་བྷེང་ལོར་དུ་བཅར་ཏེ་རྣམ་པ་ཚོ་དང་ཐུག་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། ངས་བཀའ་ཤག་སྐབས་བཅུ་བཞི་པའི་ཚབ་ཞུས་ཏེ་རྣམ་པ་ཚོ་ཚང་མར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ་རྒྱུ་ཡིན། བདུན་ཕྲག་གཅིག་ཙམ་གྱི་སྔོན་ལ་ངས་ཆབ་སྲིད་ཀྱི་གནད་འགག་རྩིས་པའི་ཐོག་ཨ་རིའི་ཝ་ཤིང་ཊོན་དུ་བཅར་བ་གཞི་བཟུང་ཧ་ཅང་ཡག་པོ་བྱུང་སོང་སྙམ་གྱི་ཡོད། དམིགས་བསལ་གཞུང་འབྲེལ་ཐོག་ནས་ཨ་རིའི་ཕྱི་འབྲེལ་ལས་ཁུངས་དང་ཕོ་བྲང་དཀར་པོའི་ནང་གི་འབྲེལ་ཡོད་ལས་བྱེད་ཚོ། དེ་བཞིན་གྲོས་ཚོགས་ཀྱི་ཚོགས་གཙོས་དབུས་གནད་ཡོད་མི་སྣ་མང་དག་ཅིག་ཐུག་རྒྱུ་བྱུང་། དེར་བརྟེན་ཆབ་སྲིད་ཐོག་ནས་བལྟས་ནས་བོད་དོན་ལ་རྒྱབ་སྐྱོར་དང་དོ་སྣང་སྔར་མུས་ཡོད་པ་ནི་ཧ་ཅང་གསལ་པོ་རེད། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩལ་རྗེས་ད་ལྟ་བར་དུ་སྤྱི་ཚོགས་ནང་ལྷིང་འཇགས་གནས་ཡོད་པ་ཚོར་གྱི་འདུག་ལ་བྷེང་ལོར་དུའང་དེ་ལྟར་ཡིན་གྱི་རེད་བསམ་བཞིན་ཡོད། གང་ལ་ཞེ་ན། དེ་སྔོན་༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩོལ་སྐབས་ང་ཚོ་ཚང་མར་སེམས་འཚབ་ཤུགས་ཆེན་བྱུང་ཡོད།
ད་ལྟ་ལྷིང་འཇགས་གནས་རྒྱུའི་རྒྱུ་མཚན་གཙོ་བོ་དེ་མི་མང་ནང་རྡོག་རྩ་ཆིག་སྒྲིལ་དང་ང་ཚོའི་སྒྲིག་འཛུགས་ཚགས་ཚུད་པོ་ཡོད་པར་བརྟེན་ནས་བྱུང་བ་ཞིག་སྟབས། མུ་མཐུད་དེ་ལྟར་གནས་ཀྱི་ཡོད་པ་ཧ་ཅང་གསལ་པོ་རེད། དེ་བཞིན་ཆབ་སྲིད་ཀྱི་སྐུ་དབང་གསོལ་རས་སྩལ་བའི་རྗེས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྒྱས་བཞིན་ཡོད་པ་ནི་ཚང་མས་ཤེས་གསལ་ཡིན། དཔེར་ན། མགོན་པོ་གང་ཉིད་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཆིབས་སྒྱུར་བསྐྱངས་སྐབས་གནད་ཡོད་མི་སྣ་མང་དག་ཅིག་གིས་མཇལ་འཕྲད་ཞུས་དང་ཞུ་མུས་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མི་གཅིག་ལ་གསོལ་རས་སྩལ་བ་དེ་འདྲ་གང་ཡང་མིན་པར་མི་མང་ལ་སྩལ་བ་ཞིག་ཆགས་ཡོད་པར་བརྟེན་ང་ཚོ་ཚང་མར་འགན་འཁྲི་ཡོད། རྒྱ་ནག་གཞུང་གི་མཁྲེགས་བཟུང་ཅན་གྱི་འགོ་ཁྲིད་དེ་དག་གིས་བོད་པའི་མི་རབས་རྒན་པ་རྣམས་མ་བཞུགས་པའི་སྐབས། བོད་མིའི་སྒྲིག་འཛུགས་མེད་པ་ཆགས་ཏེ་བོད་ཀྱི་རྩ་དོན་རྩོད་རྒྱུ་གཞི་མེད་པ་ཆགས་རེད་བསམ་པའི་རེ་བ་བརྒྱབ་པ་མ་ཟད། འབད་བརྩོན་ཡང་བྱེད་ཀྱི་ཡོད།
འོན་ཀྱང་ལོ་གཅིག་ནང་ང་ཚོ་ལྷིང་འཇགས་ཐོག་གནས་སྐབས། ཁོང་ཚོར་ཡང་བཙན་བྱོལ་དུ་ཡོད་པའི་བོད་ཀྱི་བདེན་དོན་རྩོད་མཁན་གྱི་སྒྲིག་འཛུགས་དེ་ཧ་ཅང་ཚགས་ཚུད་ཐོག་གནས་རྒྱུ་ཡིན་པའི་བརྡ་ལན་གསལ་པོ་ཞིག་ཏན་ཏན་བྱུང་ཡོད། དེ་བཞིན་ཁྲིམས་དང་སྒྲིག་འཛུགས་ཡོད་པ་ཙམ་གྱིས་མང་གཙོ་ཆགས་ཀྱི་མེད། དཔེར་ན། རྒྱ་ནག་ནང་མང་གཙོའི་ཁྲིམས་དང་མང་གཙོའི་སྒྲིག་འཛུགས་ཡོད་བརྗོད་ཀྱི་ཡོད། ཁོང་ཚོས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཞེས་མིང་ཡང་བཏགས་ཡོད། འོན་ཀྱང་འགྲོ་ལུགས་ཐོག་ནས་མང་གཙོ་མ་རེད། གང་ལ་ཞེ་ན། རྒྱ་ནག་ནང་རང་གི་འདོད་མོས་ཡོད་པའི་མི་ལ་འོས་ཤོག་བླུག་ཆོག་གི་མེད། འོན་ཀྱང་ང་ཚོ་བཙན་བྱོལ་དུ་ཡོད་པའི་མི་ཉུང་ཤས་ཤིག་ཡིན་རུང་རང་མོས་ཐོག་འོས་ལངས་ཆོག་ཡོད་པ་མ་ཟད། རང་མོས་ཀྱི་མིར་འོས་ཤོག་བླུག་ཆོག་གི་ཡོད། དེར་བརྟེན་མང་གཙོ་དང་འཚེ་མེད་ཞི་བ་འགྱུར་བ་མེད་པའི་ང་ཚོའི་ལངས་ཕྱོགས་ཆགས་ཡོད། དབུ་མའི་ལམ་དེ་བཞིན་གྲོས་ཚོགས་ཐོག་ནས་གཏན་འབེབས་གནང་བའི་བོད་མི་སྒྲིག་འཛུགས་ཀྱི་སྲིད་བྱུས་ཆགས་ཡོད་སྟབས། བཀའ་ཤག་སྐབས་བཅུ་བཞི་པའི་ཐོག་ནས་དབུ་མའི་ལམ་གཞི་བཟུང་བོད་རྒྱ་འབྲེལ་ལམ་བྱས་ཏེ་བོད་རྒྱའི་དཀའ་ངལ་སེལ་ཐབས་ཀྱི་འབད་བརྩོན་བྱེད་ཀྱི་ཡོད། ཅེས་གསུང་བཤད་གནང་ཡོད་པ་མ་ཟད། བཀའ་ཤག་གི་ལྟ་གྲུབ་གསུམ་གྱི་སྐོར་ལ་ཡང་གསུང་བཤད་གནང་ཡོད་པ་བཅས། །