༢༠༡༢ ཟླ་ ༧ ཚེས་ ༧ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༥ ཉིན་ཕ་རན་སིའི་རྒྱལ་ས་པེ་རི་སིའི་ནང་རྟེན་གཞི་བྱས་པའི་སྐུ་ཚབ་དོན་ཁང་དང་ (Bureau du Tibet) ཕ་རན་སི་གྲོས་ཚོགས་གོང་མའི་ (French Senate) བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཟུང་འབྲེལ་ཐོག་ཡུལ་དེའི་གྲོས་ཚོགས་གོང་མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་གྱི་དུས་ཆེན་གོ་སྒྲིག་ཐོག བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་དང་ཕ་རན་སིའི་གྲོས་ཚོགས་འཐུས་མི།
ཕྱི་རྒྱལ་གཞུང་འབྲེལ་སྐུ་ཚབ་འཐུས་མི། དེ་བཞིན་ཕ་རན་སིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་འདྲ་མིན་ཁག་གི་སྐུ་ཚབ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གི་སྐུ་ཚབ་འཐུས་མི། ས་གནས་བོད་རིགས་ཚོགས་པའི་ཚོགས་མི་དང་ས་གནས་བོད་མི་བཅས་ལྷན་འཛོམས་ཐོག་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད། སྐབས་དེར་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཇེན་ཕ་རན་ཀོ་ཡི་སི་ཧམ་བྷ་ཊི་ (Jean Francois Humbert) མཆོག་གིས་བདེ་སྲུང་བཀའ་བློན་མཆོག་གིས་གཙོས་སྐུ་མགྲོན་རྣམས་ལ་ཕེབས་བསུའི་གསུང་བཤད་གནང་བ་དང་སྦྲགས། ཕ་རན་སིའི་གྲོས་ཚོགས་གོང་མས་བོད་མིའི་དྲང་བདེན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་མུ་མཐུད་ཞུ་རྒྱུ་ཡིན་པ་ནན་བརྗོད་གནང་བ་དང་སྦྲགས། དུས་སྐབས་འདིར་བོད་མི་ཚོར་ཕ་རན་སིའི་གཞུང་མང་གི་རྒྱབ་སྐྱོར་སྔར་ལྷག་དགོས་མཁོ་ཆེ་བ་ཆགས་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་ཡོད། དེ་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་མཛད་སྒོའི་གསུང་བཤད་གནང་དོན།
གཞིས་བྱེས་བོད་མི་ཡོངས་དང་ལྷག་པར་དེང་སྐབས་རྒྱའི་བཙན་དབང་འོག་མནར་གཅོད་མྱོང་བཞིན་པའི་བོད་མི་དཔའ་བོ་དཔའ་མོ་རྣམས་ཀྱི་ཚབ་ཞུས་ཏེ་ཕ་རན་སིའི་གཞུང་མང་གཉིས་ཀྱིས་ད་བར་བོད་མི་ཚོར་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུས་གནང་བ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་བརྩོན་མཛད་བཞིན་པའི་རིན་ཐང་དེ་དག་བོད་མི་ཙམ་མ་ཟད། འགྲོ་བ་ཡོངས་ཀྱི་བདེ་དོན་ཆེད་ཧ་ཅང་རྩ་ཆེན་པོ་དང་གལ་ཆེ་ཆགས་ཡོད། དེར་བརྟེན་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཆེད་རིན་ཐང་དེ་དག་བདག་གཅེས་དང་ལག་བསྟར་བྱ་རྒྱུ་ཤིན་ཏུ་གལ་གནད་ཆེན་པོ་ཞིག་ཆགས་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་རྗེས་སྐུ་མགྲོན་རྣམས་ལ་གསོལ་ཇ་ཞལ་ཏོག་ཕུལ། མཛད་སྒོ་གྲུབ་མཚམས་ཕ་རན་སིའི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་བདེ་སྲུང་བཀའ་བློན་མཆོག་ལ་ཕྱི་དྲོའི་གསོལ་ཚིགས་ཕུལ་ཡོད་པ་བཅས།།
.