༢༠༡༢ ཟླ་ ༧ ཚེས་ ༡༥ རེས་གཟའ་ཉི་མ།
༅༅། །འདི་གར་ན་སིག་བོད་མིའི་བདེ་དོན་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༡༥ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ཟླ་ ༧ ཚེས་ ༦ ཉིན་རྒྱ་གར་བྱང་ཕྱོགས་མཧ་རཱ་ཤི་ཊ་མངའ་སྡེའི་གྲོང་ཁྱེར་ན་སིག་(Nasik)བོད་མིའི་བདེ་དོན་མཐུན་ཚོགས་ཀྱིས་གོ་སྒྲིག་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༧ ཐོག་རི་རྩེར་མི་མང་རྣམས་ལྷན་འཛོམས་ཐོག་སྐུ་རླུང་དར་འཛུགས་ཀྱི་བསངས་གསོལ་རྒྱ་ཆེ་དང་། ཆུ་ཚོད་ ༩ ཐོག་ཁྲོམ་རྭའི་མདུན་ཐང་དུ་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་མཇལ་དར་སྒྲོན་འབུལ་གྱི་སྐུ་མགྲོན་གཙོ་བོ་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་དང་། ས་གནས་ནང་པའི་ཚོགས་གཙོ། ས་གནས་གཞུང་གི་སྨན་པའི་འགོ་འཛིན་སོགས་ལྷན་འཛོམས་ཀྱི་ཐོག་མར་སྐུ་མགྲོན་གཙོ་བོས་སྒྲོན་མེ་ཞལ་ཕྱེ་གནང་སྟེ་གསུང་བཤད་གནང་བའི་ནང་༸གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་བརྟན་པ་དང་། བོད་རང་དབང་མྱུར་དུ་ཐོབ་པ་དང་ཁོང་གི་དགོངས་བཞེད་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཡོད་སྐོར།
དེ་བཞིན་བོད་རིགས་རྣམས་སྤྱོད་པ་ཡ་རབས་གོམས་གཤིས་བཟང་པོ་དང་། ཡུལ་མི་དང་མཉམ་མཐུན་ལམ་ཡག་པོ། ད་དུང་གང་ཅིའི་ཐད་ཡག་པོ་གནང་དགོས་པ་དང་། ང་ཚོའི་དཀའ་ངལ་གང་ཐུབ་སེལ་རྒྱུའི་གསུང་བཤད་སོགས་གནང་རྗེས་རིག་གཞུང་དང་འབྲེལ་བའི་གཞས་སྣ་འཁྲབ་སྟོན་ཞུས་རྗེས་ན་སིག་བོད་མིའི་བདེ་དོན་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲིས་སྒྲོལ་མ་ལགས་ཀྱིས་རྒྱ་གར་གཞུང་མང་གཉིས་དང་ས་གནས་འབྲེལ་ཡོད་ཚོས་བོད་མིར་གང་ཅིའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཏེ་མཛད་སྒོ་གྲོལ། ༸གོང་ས་མཆོག་གི་སྐུ་པར་དང་འབྲེལ་བའི་རྒྱ་མི་ཆུང་ཙམ་གྱི་འགྲེམས་སྟོན་དང་རྒྱ་གར་མི་མང་ལ་གསོལ་ཇ་འབྲས་སིལ་དང་མངར་ཟས་སོགས་གནང་ཡོད་པ་བཅས།།
ན་སིག་བོད་མིའི་བདེ་དོན་མཐུན་ཚོགས་ཀྱི་སྐུའི་འཁྲུངས་སྐར་དུས་ཆེན་སྲུང་བརྩི་གཟབ་རྒྱས་ཞུས་པ།
གསར་གནས།
འབྲེལ་གནས།