༢༠༡༢ ཟླ་ ༧ ཚེས་ ༢༡ རེས་གཟའ་སྤེན་པ།
༄༅། །དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སྔོན་ཕྱི་ཟླ་ ༤ པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་(California) མངའ་སྡེ་ཁལ་ལི་ཕོར་ན་ཡའི་གྲོང་ཁྱེར་སན་ཌེ་གོ་(San Diego) དུ་ཆིབས་སྒྱུར་གྱི་མཛད་འཕྲིན་ཐོག་ནས་བྱུང་བའི་དངུལ་ལྷག་ཨ་སྒོར་སྟོང་ཕྲག་ལྔ་བཅུ་ལྔ་གཅིག་ཡོད་པ་རྣམས་གྲོང་ཁྱེར་སན་ཌེ་གོའི་ནང་གི་སྡོད་ཁྱིམ་མེད་པའི་ན་གཞོན་སློབ་གྲྭར་ཞལ་འདེབས་གསོལ་རས་སྕལ་འདུག
ཕྱི་ཟླ་ ༧ ཚེས་ ༡༧ ཉིན་སན་ཌེ་གོའི་ནང་གནས་བཞུགས་མཁན་བླ་མ་བསྟན་འཛིན་དོན་ལྡན་ལགས་དང༌། སན་ཌེ་གོའི་མངའ་སྡེའི་མཐོ་རིམ་སློབ་ཁང། (Dan Diego) གཙུག་ལག་སློབ་གྲྭ་བཅས་ཀྱི་འགོ་ཁྲིད་ཀྱིས། ༸གོང་ས་མཆོག་གིས་སློབ་གྲྭ་དེར་ཨ་སྒོར་སྟོང་ཕྲག་ ༥༡ ཞལ་འདེབས་གསོལ་རས་སྩལ་བའི་དངུལ་འཛིན་དེ་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་ལྟར། སློབ་གྲྭ་དེའི་འགོ་ཁྲིད་ཀྱིས་ཞལ་འདེབས་ཀྱི་མ་དངུལ་དེ་དག་གིས། སློབ་གྲྭའི་སློབ་མ་ཚོའི་ཤེས་ཡོན་ཡར་རྒྱས་ལ་རྒྱབ་སྐྱོར་མཛད་པར་རྟེན། ཁོང་ཚོ་མ་འོངས་པར་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་ལྟ་བུ་འཛམ་གླིང་ནང་མིག་དཔེར་སྟོན་ཐུབ་པའི་འགོ་ཁྲིད་བཟང་པོ་ཞིག་ཡོང་རྒྱུའི་འབད་བརྩོན་བྱ་རྒྱུ་ཡིན། ད་རེས་གསོལ་རས་སྩལ་བའི་ཞལ་འདེབས་ཀྱི་དངུལ་རྣམས་སློབ་ཕྲུག་ཚོ་འཛམ་གླིང་ནང་འགོ་ཁྲིད་ཀྱི་འགན་འཁུར་ལེན་སྟངས་ཐད་སློབ་ཁྲིད་དང༌། ཟབ་སྦྱོང་སོགས་ཀྱི་ལས་དོན་འཆར་གཞིའི་ཐོག་གཏོང་རྒྱུ་ཡིན་སྐོར་གསུངས་ཡོད།
ཉེ་ཆར་སློབ་གྲྭ་དེར་དྲ་རྒྱ་སོགས་ཀྱི་འབྲེལ་མཐུད་ཡར་རྒྱས་གཏོང་ཐབས་སུ་ཨ་སྒོར་ཁྲི་ལྔ་ཞལ་འདེབས་རག་ཡོད་པ་དང༌། སློབ་གྲྭ་དེའི་ནང་གི་སློབ་ཕྲུག་ ༡༥༠ སྡོད་ཁྱིམ་མེད་པ་དང༌། ཁག་གཅིག་འཕྲལ་སེལ་སྡོད་སྒར་དང༌། རིན་གོང་དམའ་བའི་མགྲོན་ཁང་དུ་སྡོད་པ། ཡང་ཁག་གཅིག་ཁྱིམ་ཚང་གཞན་གྱི་ནང་མི་དང་མཉམ་དུ་སྡོད་མཁན་ཤ་སྟག་ཡིན་པ་རེད།
སྤྱིར་བཏང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ས་ཕྱོགས་གང་དུ་ཆིབས་སྒྱུར་གྱི་མཛད་འཕྲིན་བསྐྱངས་སྐབས་གསུང་ཆོས་དང༌། བཀའ་སློབ་སོགས་ཕྱག་འཁྱེར་ཚོང་འགྲེམས་བྱས་པའི་ཕྱག་དངུལ་ཡོངས་རྫོགས། ཉམ་ཐག་དང། ཤེས་ཡོན། ཚན་རིག་ཡར་རྒྱས་ཐོག་ལ་ཞལ་འདེབས་གསོལ་རས་སྩལ་དང་སྩོལ་མུས་ཡིན་འདུག་པ་བཅས། །