༢༠༡༢ ཟླ་ ༦ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༨ རེས་གཟའ་ཕུར་བུའི་སྔ་དྲོ་ཆུ་ཚོད་ ༡༢ ཐོག་རྡ་སར་རྟེན་གཞི་བྱས་པའི་ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་དབུ་བརྙེས་ནས་མི་ལོ་ཉི་ཤུ་ཧྲིལ་པོ་འཁོར་བའི་རྗེས་དྲན་རྟེན་འབྲེལ་མཛད་སྒོ་ཞིབ་འཇུག་ཁང་དེའི་ཡིག་ཚང་ནང་ཚོགས་ཡོད། དེ་ཡང་ཐོག་མར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཁག་གཅིག་དང་། རྩོམ་སྒྲིག་པ་དང་རྩོམ་པ་པོ། འབྲེལ་ཡོད་བཅས་ཁྱོན་མི་གྲངས་སུམ་ཅུ་བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་རྣམས་ལ་གསོལ་ཇ་བཞེས་ཏོག་འབུལ་ལམ་ཞུས་རྗེས་ཆུ་ཚོད་ ༡༢།༡༥ ཐོག་ད་ལྟའི་འགན་འཛིན་མཁས་དབང་བཀྲ་ཤིས་ཚེ་རིང་མཆོག་གིས་ཞིབ་འཇུག་ཁང་དེ་བཙུགས་ནས་མི་ལོ་ཉི་ཤུའི་རིང་ལས་དོན་གང་ཞིག་སྤེལ་ཡོད་མེད་དང་དཀའ་ངལ་གང་དང་གང་འཕྲད་པ།
ད་ལྟའི་གནས་སྟངས་ཇི་ཡིན་དང་ལས་བྱེད་ག་ཚོད་ཡོད་པ་སོགས་ཀྱི་ངོ་སྤྲོད་སྙིང་བསྡུས་གནང་རྗེས་ཞིབ་འཇུག་ཁང་དེའི་འགན་འཛིན་ཟུར་པ་རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༡༩༥༨ ལོར་པར་བསྐྲུན་བགྱིས་པའི། <བོད་ལྗོངས་བསྟན་དམག་གི་རྩ་ཁྲིམས་བཀྲ་ཤིས་གཟི་ལྡན་> ཞེས་པའི་དེབ་རྙིང་པར་སློག་འགྲེམས་སྟོན་དབུ་འབྱེད་དང་སྐབས་དེའི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་སྐོར་མདོར་བསྡུས་གསུང་བཤད་གནང་ཡོད།
དེ་རྗེས་ཞིབ་འཇུག་ཁང་དེའི་འགན་འཛིན་ཟུར་པ་སྐུ་ཞབས་ལྷ་བཟང་ཚེ་རིང་ལགས་ཀྱིས་བཙན་བྱོལ་དུ་འབྱོར་རྗེས་ཀྱང་བོད་མི་དཔའ་བོ་རྣམས་ནས་ཕྱི་ལོ་ ༡༩༦༠ ནས་ ༡༩༧༤ བར་གློ་དམག་སྒར་ནང་འཛུལ་ཞུགས་ཀྱི་བཙན་རྒོལ་རྒྱལ་སྐྱོབ་ཀྱི་ལས་འགུལ་དང་འབྲེལ་བའི་པར་རྙིང་ཁག་གཅིག བྱས་པ་དྲིན་གཟོའི་ཆེད་འགྲེམས་སྟོན་བགྱིས་པ་དེ་དབུ་འབྱེད་གནང་རྗེས་རང་ཉིད་ཀྱི་འཚོ་བ་དངོས་དང་སྐབས་དེའི་ལོ་རྒྱུས་མདོར་བསྡུས་གསུང་བཤད་གནང་། དེ་ནས་ཨ་རི་བ་པི་ཊར་བྷོ་རོན་(Peter Brown) ལགས་ཀྱིས་ <བཀའ་གཙིགས་དང་རྡོ་རིང་ཡི་གེ་> ཞེས་པའི་ཕྱག་དཔེ་དབུ་འབྱེད་དང་གསུང་བཤད་སྙིང་བསྡུས་ཤིག་གནང་རྗེས་ཞིབ་འཇུག་ཁང་དེ་བཙུགས་ནས་ལོ་ངོ་ཉི་ཤུ་ཧྲིལ་པོ་འཁོར་བའི་རྗེས་དྲན་རྟེན་འབྲེལ་མཛད་སྒོ་གྲོལ་བ་དང་སྦྲགས་སྐུ་མགྲོན་རྣམས་ཀྱིས་རིམ་པས་གོང་དུ་བརྗོད་པའི་པར་རིགས་འགྲེམས་སྟོན་དབུ་འབྱེད་གནང་བ་དེ་རྣམས་ཞིབ་འཇུག་ཁང་དེ་རང་གི་གྱང་ངོས་སུ་སྒྲིག་གཤོམ་གནང་ཡོད་པ་རྣམས་ལ་རེ་རེ་བཞིན་གཟིགས་གྲུབ་རྗེས་ཉིན་གུང་གསོལ་ཚིགས་བོད་ཀྱི་གསོལ་མགྲོན་ཁང་དུ་འབུལ་ལམ་ཞུས་ཏེ་མཛད་སྒོ་ལེགས་པར་མཇུག་བསྒྲིལ་བ་བཅས།།