༢༠༡༢ ཟླ་ ༦ ཚེས་ ༡ རེས་གཟའ་པ་སངས།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྡ་སར་རྟེན་གཞི་བྱས་པའི་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་ཟབ་མོ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ཉིན་མགོན་པོ་གང་ཉིད་མཆོག་གིས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མཐོ་སློབ་ཁག་གི་བོད་རིགས་སློབ་ཕྲུག་གཙོ་བོར་གྱུར་པའི་གཞོན་སྐྱེས་དོན་གཉེར་ཅན་རྣམས་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྐྱེ་བོ་གསོ་ཐིགས་དང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་ནང་ཆོས་ངོ་སྤྲོད་དབུ་འཛུགས་མཛད་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༨།༡༠ ཐོག་རྡ་ས་རིགས་ལམ་སློབ་གཉེར་ཁང་གི་དགེ་བཤེས་བློ་བཟང་ཟླ་བ་ལགས་ཀྱིས་དབུས་དགེ་འདུན་པ་ཁག་གཅིག་དང་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་ཞིབ་པ་གཞན་མཆོག་དང་།
ཤེས་རིག་དྲུང་ཆེ། བོད་ཁྱིམ་སློབ་གྲྭ་ཁག་གི་འགན་འཛིན་རྣམ་པ། རྒྱ་གར་མཐོ་སློབ་ཁག་གི་སློབ་ཕྲུག་གཙོ་བོར་གྱུར་པའི་སློབ་མ་བཅས་ཁྱོན་བསྡོམས་ ༣༠༠༠ བརྒལ་བ་ལྷན་འཛོམས་ཐོག་བོད་ཁྱིམ་སྤྱི་ཁྱབ་འགན་འཛིན་ཚེ་དབང་ཡེ་ཤེས་ལགས་དང་ལེགས་བཤད་བསྟན་པ་ལགས། ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་བོད་ཁྱིམ་ཚོགས་ཁང་དུ་༸ཞབས་སོར་འཁོད་བསྟུན་ནང་ཆོས་ངོ་སྤྲོད་ཚོགས་ཆུང་གི་འཛིན་གྲྭ་རྒན་པའི་སློབ་མ་མི་སྐྱ་འགའ་ཤས་ནས་རིགས་ལམ་རྟགས་གསལ་སྐར་མ་ ༡༠ ཙམ་ཞིག་གཟིགས་འབུལ་ཞུས་ཡོད།
དེ་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེར་འདུས་སློབ་ཕྲུག་རྣམས་ལ་ནང་ཆོས་དབུ་འཛུགས་མ་མཛད་གོང་བཀའ་སློབ་སྩལ་དོན། སློབ་གྲྭའི་གུང་གསེང་དང་སྟབས་བསྟུན་ཏེ་ཆོས་འབྲེལ་བྱ་རྒྱུ་འགོ་བཙུགས་བྱས་ནས་དེ་རིང་ཐེངས་དྲུག་པ་དེ་ཆགས་ཡོད། ཁྱེད་རང་ཚོ་མི་རབས་གསར་པ་དང་ན་གཞོན་རེད། འཛམ་གླིང་འདིའི་ཐོག་མི་རིགས་གང་དང་གང་ཡིན་རུང་ཤེས་བྱ་ཡོན་ཏན་ཇི་ཙམ་བྱུང་བ་དེའི་ཚོད་ཀྱིས་ལུང་པ་ཡར་རྒྱས་ཕྱིན་ཡོད་པ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོ་རྒྱ་གར་ལ་སླེབས་ནས་ལས་ཀ་དང་པོ་སློབ་གྲྭ་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་པ་རེད། ཐོག་མའི་རེ་བ་བརྒྱབ་པ་ལྟར་དམིགས་ཡུལ་ཆ་ཚང་སྒྲུབ་རྒྱུ་ཞེས་པ་གནས་ཚུལ་ཁག་ཁག་རེད། འོན་ཀྱང་གང་ཙམ་གྲུབ་འབྲས་ཐོན་ཡོད་པ་ཧ་ཅང་གསལ་པོ་ཡིན། སྤྱིར་བཏང་ངོས་ཀྱིས་གོང་དུ་བརྗོད་པ་ལྟར། འཛམ་གླིང་འདིའི་ནང་གི་ལུང་པ་གང་དང་གང་ཞིག་ཡིན་རུང་ཡར༌རྒྱས་འགྲོ་རྒྱུའི་ནུས་པ་དེ་མི་སྒེར་སོ་སོས་ནུས་པ་འདོན་དགོས་ཀྱི་ཡོད། མི་སྒེར་སོ་སོས་ནུས་པ་འདོན་པར་མི་སྒེར་སོ་སོའི་བསམ་བློ་དང་དམིགས་ཡུལ་ངེས་ཅན་ཡོད་པ་མ་ཟད། དམིགས་ཡུལ་སྒྲུབ་ཐབས་ཀྱང་ཤེས་པ་བྱེད་དགོས། དེ་ལྟ་བུའི་འོག་ནས་ལུང་པ་ཡར་རྒྱས་འགྲོ་གི་ཡོད། མིའི་ལོ་རྒྱུས་ནང་བལྟས་ན། ལོ་སྟོང་ཕྲག་བཞི་ལྔའི་ནང་ཆོས་དད་བྱེད་འགོ་ཚུགས་ཡོད། ཆོས་དད་འགོ་ཚུགས་རྗེས་མིའི་སྤྱི་ཚོགས་ནང་སོ་སོར་རེ་བ་དང་དཀའ་ངལ་འཕྲད་སྐབས། རེ་བ་སྒྲུབ་རྒྱུ་དང་དཀའ་ངལ་སེལ་རྒྱུར་སོ་སོའི་དད་པ་བྱེད་སའི་ལྷ་སོགས་ལ་དད་པ་བྱེད་ཀྱི་ཡོད། དཔེར་ན། མི་ནད་པ་ཆགས་ན་ལྷ་གསོལ་བ་དང་སྐབས་རེ་དམར་མཆོད་ཕུལ་ཚེ། ན་ཚ་དྲག་སྐྱེད་ཡོང་གི་རེད་ཅེས་དེ་འདྲ་བྱེད་བཞིན་འདུག དེ་ནས་རིམ་བཞིན་མིའི་རྣམ་དཔྱོད་ཟབ་ཏུ་འགྲོ་སྐབས་སོ་སོའི་དད་པ་བྱེད་སའི་ཡུལ་དེར་རྒྱུ་མཚན་བཀོད་པ་དེ་འདྲ་ཡོང་གི་ཡོད། དེ་རིང་ཁ་སང་གི་དུས་ཚོད་འདི་དུས་རབས་གསར་པ་ཞིག་ལ་སླེབས་ཡོད། ཕྱི་ལོ་ ༡༩༥༠།༦༠ ནང་རྒྱ་མི་གུང་ཁྲན་ཏང་གིས་བོད་པ་ཚོ་ལྐུགས་པ་རེད་ཅེས་བརྗོད་ཀྱི་ཡོད། ཉེ་ཆར་ངོས་རང་ཨོ་སི་ཊོ་རི་ཡའི་ཝི་ནའི་ནང་ཡོད་སྐབས། ངོ་རྒོལ་བྱེད་མཁན་རྒྱ་མི་སུམ་ཅུ་སོ་གྲངས་ཤིག་འདུག་བརྗོད་ཀྱི་འདུག ཁོང་ཚོར་ངོ་རྒོལ་བྱེད་རྒྱུའི་ཚོར་བ་མི་འདུག རྒྱ་ནག་གཞུང་གིས་ཕལ་ཆེར་ཁོང་ཚོར་རླངས་འཁོར་སོགས་ཀྱི་གླ་ཆ་སྤྲོད་ཀྱི་མེད་དམ། དེའི་ནང་གི་རྒན་འཁོགས་རྒྱ་མི་གཅིག་གིས་བོད་པ་ཞིག་ལ་བོད་པ་ཞེས་པ་དེ་རྗེས་ལུས་དང་ལྐུགས་པ་རེད། ཆོས་བྱས་ནས་བསྡད་པ་མ་གཏོགས་གང་ཡང་ཤེས་ཀྱི་མ་རེད་ཅེས་བརྗོད་འདུག སྔ་མོ་གཞུང་འབྲེལ་ཡིག་ཆའི་ནང་མང་པོ་ཤོད་ཀྱི་ཡོད། སྤྱིར་བཏང་རྒྱ་གཞུང་གིས་ཆོས་ཡོངས་རྫོགས་རྨོངས་དད་ལ་རྩིས་ཀྱི་ཡོད། དེའི་ནང་ནས་བོད་ཀྱི་ཆོས་དེ་རྨོངས་དད་རེད། རྨོངས་དད་དེ་རིམ་བཞིན་ཚན་རིག་གི་ཤེས་ཚད་ཡར་རྒྱས་ཕྱིན་ན། རྨོངས་དད་རང་བཞིན་གྱིས་ཡལ་འགྲོ་གི་རེད་ཅེས་དེ་དུས་བློ་བདེ་པོ་ཐོག་ནས་ཤོད་ཀྱི་འདུག ཕྱི་ལོ་ ༡༩༧༠།༨༠།༩༠། ༢༠༠༠། ད་ཆ་ ༢༠༡༢ ནང་སླེབས་ཡོད། བོད་ཀྱི་ནང་ཆོས་དེ་བཞིན་དེ་རིང་ཁ་སང་རྣམ་དཔྱོད་རྩེར་སོན་པའི་ཚན་རིག་པ་ཚོས་ཞིབ་འཇུག་བྱེད་སའི་དོན་ཚན་ནང་དུ་ནང་ཆོས་ཀྱི་སེམས་ཀྱི་རྣམ་གཞག་དང་གཙོ་བོ་ལྟ་གྲུབ་ལ་དོ་སྣང་བྱེད་བཞིན་འདུག ང་ཚོ་བོད་པ་ཚོར་ཆ་བཞག་ན། བོད་མི་ས་ཡ་དྲུག་ཡོད་པའི་ནང་ནས་ཕལ་ཆེར་དངོས་གནས་དྲང་གནས་ནང་ཆོས་སློབ་སྦྱོང་བྱས་ཏེ་ལག་ལེན་བསྟར་མཁན་འབུམ་ཁ་ཤས་ཤིག་ཡོད་སྲིད། སྤྱིར་བཏང་ང་ཚོའི་གྲོང་གསེབ་ཀྱི་སྤོ་བོ་རྨོ་བོའི་ཆོས་བྱེད་སྟངས་དེ་རྨོངས་དད་རེད། ང་ཚོ་བོད་ཀྱི་གྲོང་གསེབ་པ་ལས་རྒྱུ་འབྲས་སྐོར་མ་ཤེས་མཁན་དེ་དག་གིས་ཕྲན་བུ་ན་བ་དང་ལྷ་ཀླུས་གནོད་ཀྱི་འདུག་ཅེས་བརྗོད་ཀྱི་རེད། དེ་བཞིན་ཞབས་བརྟན་བྱས་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་སྐད་ཆ་གང་ཡང་མེད་པར། ཚེ་རིང་བ་དང་གནོད་པ་མེད་པ་ཆགས་ཀྱི་རེད་ཅེས་བརྗོད་པ་དེ་དག་ཧ་ལམ་ཧ་ལམ་འཇིག་རྟེན་བཀོད་པ་པོ་འདོད་པ་ལྟར་ཆགས་ཀྱི་འདུག བྱེད་སྟངས་དེ་རིགས་ནི་ཤེས་ཚད་མེད་པའི་དབང་གིས་རེད། དེར་བརྟེན་ངོས་ཀྱིས་ནང་པ་ཚང་མར་ང་ཚོ་དུས་རབས་ཉེར་གཅིག་གི་ནང་པ་བྱེད་དགོས་ཞེས་ཤོད་བཞིན་ཡོད། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པ་ནི་ནང་པའི་ལྟ་གྲུབ་དང་ནང་ཆོས་ཤེས་པའི་ཐོག་ནས་ནང་པའི་ཆོས་ལ་དད་པ་བྱེད་མཁན་དགོས་པ་རེད་མ་གཏོགས་ངའི་སྤོ་བཔ་ལགས་དང་རྨོ་བོ་ལགས་ནང་པ་ཡིན་པར་བརྟེན། ང་རང་ནང་པ་ཡིན་ཞེས་བརྗོད་ན་སྙིང་པོ་མེད། ནང་ཆོས་ཤེས་པ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ནང་པའི་ཆོས་བསླབ་ཞེས་སྐབས་མིའི་བསམ་བློ་གཏོང་སྟངས་སློབ་ཀྱི་ཡོད། དེ་བཞིན་ནང་ཆོས་ལ་ལྟ་གྲུབ་སྐོར་གཅིག་དང་། ཉམས་ལེན་བྱེད་པའི་ཕྱོགས་བཅས་གཉིས་ཡོད། ཉམས་ལེན་བྱེད་པའི་ཕྱོགས་ཧ་ལམ་ཆོས་ལུགས་གཙོ་ཆེ་བ་དེ་དག་གཅིག་པ་རེད། སྙིང་རྗེ་དང་བྱམས་པ། བཟོད་པ། ཆོག་ཤེས་བྱ་རྒྱུ་རང་ཁྲིམས་སྲུང་རྒྱུ་ཚང་མ་ཕལ་ཆེར་གཅིག་པ་རེད། ལྟ་གྲུབ་སྐོར་བཤད་ན། ནང་པའི་ལྟ་གྲུ་ཕལ་ཆེ་རྒྱ་ཆེ་ཤོས་རེད་ཤོད་ཀྱི་ཡོད། འོན་ཀྱང་ལྟ་གྲུབ་རྒྱ་ཆེན་པོ་ཡིན་པའི་རྒྱུ་མཚན་བྱས་ཏེ་ནང་པའི་ཆོས་དེ་འཛམ་གླིང་སྟེང་ཆོས་ལུགས་ཚང་མའི་ནང་ནས་ཡག་ཤོས་རེད་ཅེས་ནམ་ཡང་བརྗོད་ཀྱི་མེད་ཅེས་སོགས་ཀྱི་བཀའ་སློབ་དང་ནང་ཆོས་ངོ་སྤྲོད་མཛད་དེ་སློབ་མ་རྣམས་ཀྱི་དྲི་བ་ཁག་ལ་བཀའ་ལན་སྩལ་ཏེ་སྔ་དྲོའི་ཆོས་ཐུན་གྲུབ་ཡོད། ཉིན་གསུམ་གྱི་ནང་ཆོས་ངོ་སྤྲོད་མཛད་རྒྱུ་དེ་བཞིན་ད་རེས་ཐེངས་དྲུག་པ་ཆགས་ཡོད། ཐེངས་འདིའི་ནང་ཆོས་ངོ་སྤྲོད་ནང་ས་གནས་ཁག་ ༢༩ དང་། མཐོ་སློབ་ཁག་ ༨༢ ནས་ཁྱོན་སློབ་མ་གྲངས་ ༣༠༠༠ བརྒལ་བ་ཆེད་བཅར་ཞུས་འདུག་པ་བཅས། །