༢༠༡༢ ཟླ་ ༦ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་དད་ལྡན་ཆོས་ཞུ་བ་ཁག་གཅིག་གིས་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་བཞིན་བཀའ་བཞེས་བཟང་པོ་སྨིན་སྩལ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༧ ནས་ ༩ བར་མགོན་པོ་གང་ཉིད་མཆོག་གིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་རྒྱ་གར་གྱི་དད་ལྡན་པ་གཙོ་བོར་གྱུར་བའི་ཕྱི་ནང་གི་དད་ལྡན་མི་མང་རྣམས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་སངས་རྒྱས་ཀྱི་ཆོས་ཚུལ་གཞི་ལམ་འབྲས་གསུམ་བརྗོད་བྱ་གཙོ་བོར་བསྟན་པའི་ནང་ཆོས་ངོ་སྤྲོད་དབུ་འཛུགས་བཀའ་དྲིན་བསྐྱངས་ཡོད།
དེ་ཡང་ཕྱི་ཚེས་ ༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་རྒྱ་གར་ནང་པའི་སྐུ་ཚབ་ (Ravi Thakur) ར་ཝི་ཐ་ཀུར་ལགས་སོགས་ཀྱིས་སྤོས་སྣེས་སྔོན་བསུས་ཏེ་༸གོང་ས་མཆོག་ཕོ་བྲང་ནས་གདན་ཞུས་ཀྱིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བཞུགས་ཁྲིར་༸ཞབས་སོར་འཁོད་རྗེས་མགོན་པོ་གང་ཉིད་མཆོག་གིས་ཆོས་འབྲེལ་དབུ་འཛུགས་མ་མཛད་གོང་རྒྱ་གར་བའི་ནང་པ་གཙོ་བོར་གྱུར་པའི་མི་གྲངས་ ༡༥༠༠ དང་ཕྱི་རྒྱལ་ཡུལ་གྲུ་ཁག་ ༥༥ ནས་མི་གྲངས་ ༡༨༠༠ ཙམ་དང་རང་རིགས་སེར་སྐྱ་མི་མང་བཅས་ཁྱོན་མི་གྲངས་ ༦༠༠༠ བརྒལ་བར་བཀའ་སློབ་ཕེབས་དོན།
དེ་རིང་འདིར་གདུལ་བྱ་གཙོ་བོ་ནང་ཆོས་གང་ནས་བྱུང་བའི་གང་ལྟར་ཡུལ་གྲུ་དེའི་ཡུལ་མི་དུས་རབས་ཉེར་གཅིག་པའི་ནང་ལ་སངས་རྒྱས་ཀྱི་ཆོས་ལ་ཁྱེད་རང་ཚོས་མུ་མཐུད་ནས་དོ་སྣང་བྱེད་བཞིན་ཡོད་པའི་འཕགས་པའི་ཡུལ་གྱི་མི་མང་ནང་ཆོས་དོན་གཉེར་ཅན་ཁྱེད་རང་ཚོ་དེ་རིང་འདིར་ཡོང་ཡོད་པ་དེ་དག་གདུལ་བྱ་གཙོ་བོ་ཆགས་ཡོད། དེར་བརྟེན་ཁྱེད་རང་ཚོ་ཚང་མར་དམིགས་བསལ་འཚམས་འདྲི་ཡོད། ནམ་རྒྱུན་རྒྱ་རིགས་ཆོས་གྲོགས་ཚོར་ནང་ཆོས་འགྲེལ་བཤད་བྱེད་སྐབས། རྒྱ་རིགས་ཆོས་གྲོགས་ཚོ་ལོ་རྒྱུས་ཐོག་ནས་བཅོམ་ལྡན་འདས་ཀྱི་དགེ་ཕྲུག་རྒན་པ་དང་ང་ཚོ་བོད་པ་དགེ་ཕྲུག་གཞོན་པ་ཡིན་པར་བརྟེན། དགེ་ཕྲུག་གཞོན་པས་རྒན་པར་གུས་འདུད་བྱ་རྒྱུ་དེ་གཞུང་གི་འགྲོ་སྟངས་ལྟ་བུ་རེད།
དེར་བརྟེན་གུས་འདུད་བྱེད་བཞིན་ཡོད། དེ་དང་ཆབས་ཅིག་དེ་རིང་འདིར་ཁྱེད་རང་ཚོ་དགེ་ཕྲུག་རྒན་པ་ཙམ་མ་ཟད། བཅོམ་ལྡན་འདས་སྐུ་འཁྲུངས་སའི་ཡུལ་དང་སློབ་དཔོན་ཀླུ་སྒྲུབ་ལ་སོགས་པ་གང་ལྟར་གངས་ཅན་ལྗོངས་ཀྱི་སངས་རྒྱས་ཀྱི་བསྟན་པ་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་ལ་ཁུངས་གཏུག་སྟེ་རྒྱ་གར་གཞུང་ལ་ང་ཚོས་སློབ་སྦྱོང་བྱས་ཏེ་ཐོས་བརྩོན་སྒྲུབ་ལ་གཞོལ་ནས་ཉམས་ལེན་བྱས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་བྱེད་བཞིན་ཡོད། དེར་བརྟེན་རྒྱ་གར་འཕགས་པའི་ཡུལ་འདི་སངས་རྒྱས་ཀྱི་ཆོས་ཀྱི་འབྱུང་ཁུངས་རེད་ལ་འཕགས་པའི་ཡུལ་གྱི་མི་ཚོར་ངོས་ཀྱིས་ནམ་རྒྱུན་གུ་རུ་ཇི་ཞེས་བརྗོད་བཞིན་ཡོད། དེ་རིང་འདིར་ཁྱེད་རང་ཚོ་དགེ་ཕྲུག་རྒན་པ་ཙམ་དུ་མ་ཟད། གུ་རུ་ཇི་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ཁྱེད་རང་ཚོ་ཚང་མར་གུས་འདུད་ཡོད། རྒྱ་གར་གྱི་མཁས་པ་ཚོས་ང་ཚོར་བསླབ་ཡོད་པ་དེ་དག་ང་ཚོས་ལོ་ངོ་སྟོང་ཕྲག་རིང་ཟིན་ཏེ་བསྡད་ཡོད། ད་ཆ་རྒྱ་གར་གྱི་མཁས་པ་ཚོར་རྩིས་འབུལ་ཞུ་སྐབས། སེམས་ལ་གཞན་དང་མི་འདྲ་བའི་ཚོར་བ་ཞིག་ཡོང་གི་འདུག དེ་རིང་འདིར་ཁྱེད་རང་རྒྱ་གར་འཕགས་པའི་ཡུལ་གྱི་ནང་ཆོས་ལ་དོ་སྣང་གསར་པ་ཡོད་པ་དང་ཧ་ལམ་ཕ་མེས་ནས་ནང་ཆོས་ལ་དོ་སྣང་བྱེད་མཁན་ཁྱེད་རང་ཚོས་ཆེད་དུ་དམིགས་ནས་ཆོས་འབྲེལ་བྱེད་རོགས་ཞེས་བརྗོད་པ་རེད། དེར་བརྟེན་སངས་རྒྱས་པའི་ཆོས་འདི་ཁྱེད་རང་ཚོའི་ཕ་ནོར་ཆགས་ཡོད། ཕ་ནོར་འདི་ང་ཚོ་བོད་པས་ལོ་ངོ་སྟོང་ཕྲག་རིང་བདག་གཅེས་བྱས་པ་དེ་དག་ཁྱེེད་རང་ཚོར་རྩིས་འབུལ་ཞུ་བཞིན་ཡོད། སྤོབས་པ་འོས་པ་དང་ཧ་ཅང་དགའ་པོ་བྱུང་།
དེ་བཞིན་དེ་རིང་འདིར་རྒྱ་གར་འཕགས་པའི་ཡུལ་གྱི་ས་གནས་མི་འདྲ་བ་མང་དག་ཅིག་ནས་སངས་རྒྱས་ཀྱི་ཆོས་ལ་དོན་གཉེར་ཡོད་མཁན་གང་ཙམ་ཞིག་ཕེབས་འདུག ཁྱེད་རང་གྲ་སྒྲིག་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ་ཟེར་གྱི་ཡིན། རྒྱ་གར་གྱི་སངས་རྒྱས་པའི་ཆོས་ཙམ་མ་ཡིན་པར། རྒྱ་གར་ལ་ཧ་ལམ་ལོ་སྟོང་ཕྲག་གསུམ་བཞིའི་སྔོན་ནས་མིའི་རྣམ་དཔྱོད་ཐོག་ནས་དཔྱད་པ་བྱ་རྒྱུ་ཤུགས་ཆེན་པོ་ཡིན་འདུག དེ་ལྟ་བུའི་ཐོག་ནས་ལྟ་གྲུབ་མི་འདྲ་བ་ཡོད་པའི་ཆོས་བརྒྱུད་མི་འདྲ་བ་དེ་འདྲ་བྱུང་ཡོད། དེ་ཚོའི་གྲས་དེ་རྒྱ་གར་འཕགས་པའི་ཡུལ་གྱི་གཅེས་ནོར་ཆགས་ཡོད། སངས་རྒྱས་པའི་ཆོས་འདི་དེའི་ནང་གི་གྲས་གཅིག་ཆགས་ཡོད། དེར་བརྟེན་དེ་རིང་འདིར་ཐོག་མར་ནང་ཆོས་ངོ་སྤྲོད་མ་བྱས་གོང་དགེ་རྒན་ཆེན་མོ་བ་(Professor)ཆེད་མངགས་གདན་ཞུ་བྱས་ཏེ་གནའ་རབས་རྒྱ་གར་གྱི་ལྟ་གྲུབ་མི་འདྲ་བའི་གྲས་དེ་འགྲེལ་བཤད་བྱ་རྒྱུ་དེ་གནད་འགག་འདུག ང་ཚོ་བོད་རྩ་བའི་ནང་པའི་ཡུལ་གྲུ་རེད། གཞུང་སློབ་སྦྱོང་བྱེད་སྐབས་ཕྱི་ནང་གི་གྲུབ་མཐའ་མང་པོ་ཞིག་ལ་ང་ཚོས་སློབ་སྦྱོང་བྱ་རྒྱུའི་སློབ་ཚན་ནང་ཡོད། དེར་བརྟེན་དེ་ཧ་ཅང་གནད་འགག་ཆེན་པོ་རེད། ལྟ་གྲུབ་འདྲ་མིན་དེ་དག་སློབ་སྟེ་གནད་འགག་ཕྲན་བུ་ཤེས་ན། ལྟ་གྲུབ་མི་འདྲ་བའི་དེ་དག་གི་དགོངས་པ་བཞེས་ཚུལ་དང་རྒྱུ་མཚན་གང་འདྲ་གསུང་བཞིན་འདུག ག་ཚོད་ཀྱིས་རྒྱ་ཆེ་བ་ཤེས་པ་དེའི་ཚོད་ཀྱིས་བསྒྱུར་རྒྱུར་ཧ་ཅང་ཕན་ཐོགས་འདུག མི་འདྲ་བ་དེ་དག་མཁས་པའི་དབང་པོས་གསུངས་ཡོད་པ་ཤ་སྟག་ཆགས་སྟབས། དེ་དག་སློབ་སྦྱོང་བྱས་ཏེ་བསྒྱུར་རྒྱུ་ཞིག་བྱུང་ན་ཧ་ཅང་ཕན་ཐོགས་ཡོད། དེར་བརྟེན་དེ་རིང་ཁྱེད་རང་ཚོས་གྲ་སྒྲིག་གནང་སྟེ་(Professor)ཆེད་མངགས་འདི་གར་ཕེབས་ཏེ་ཁྱེད་རང་ཚོར་འགྲེལ་བཤད་བསྐྱོན་ཏེ་ཧ་ཅང་ཡག་པོ་བྱུང་འདུག དེ་བཞིན་ང་ཚོ་དུས་རབས་ཉེར་གཅིག་པའི་ནང་སླེབས་ཡོད་པས། ཆོས་པ་སུ་དང་སུ་ཞིག་ཡིན་རུང་འདོན་པ་དང་སྨོན་ལམ་རྒྱག་རྒྱུ་གཅིག་པུ་མ་ཡིན་པར། སོ་སོའི་ཆོས་ཀྱི་ལྟ་གྲུབ་དང་ཉམས་ལེན་སྐོར་དེ་དག་ཤེས་པ་དང་རྒྱུ་མཚན་མཐོང་ནས་དད་པ་བྱས་ན་དད་པ་དེ་ཧ་ཅང་བརྟན་པོ་རེད། རྒྱུ་མཚན་མ་ཤེས་པར་རང་བཞིན་གྱིས་སོ་སོའི་ཕ་མེས་ནས་དེ་འདྲ་བྱེད་བཞིན་ཡོད་པ་རྒྱུ་མཚན་བྱས་ནས་གཞི་བཅོལ་ཏེ་བྱས་ན་སྤུས་དག་པོ་ཞིག་ཡོང་གི་མ་རེད། དེ་རིང་ཁ་སང་འཛམ་གླིང་འདིའི་ཐོག་ཆོས་ལ་དད་པ་ཡོད་དམ་ཞེ་ན། དད་པ་ཡོད་མཁན་དང་། ཡང་ཆོས་ལ་དད་པ་ཡོད་པ་རེད་ཅེས་ནས་ཉིན་ཞག་ཕྲུགས་ཅིག་གི་སྤྱོད་ལམ་དེ་ཆོས་དང་མཐུན་པ་མེད་མཁན་དེ་འདྲ་ཡོད། དེ་དག་ཆོས་ལ་དད་པ་ཡོད་ཀྱང་སྙིང་ཁོངས་རུས་པའི་གཏིང་ནས་དད་པ་སྐྱེས་པ་ཞིག་མིན་པ་ཆགས་ཡོད། དེར་བརྟེན་ཉིན་རེའི་མི་ཚེ་སྐྱེལ་རྒྱུའི་ནང་སྐྱག་རྫུན་དང་མགོ་སྐོར་གཏོང་ཐུབ་སར་མགོ་སྐོར་བཏང་ནས་འགྲོ་གི་ཡོད། དེ་དག་ནི་ཆོས་ཀྱི་དོན་དག་ཡག་པོ་མ་ཤེས་པར་ཡིད་ཆེས་སྙིང་ཁོངས་རུས་པའི་གཏིང་ནས་མེད་སྟབས། ཆོས་ཞེས་བརྗོད་སྐབས་ལམ་དང་ལུགས་སྲོལ་ལྟ་བུའི་འགྲོ་སྐབས། ཉོན་མོངས་དབང་བཙན་པོ་ཡིན་སྟབས་དེའི་གཞན་དབང་དུ་འགྲོ་གི་འདུག དད་པ་བརྟན་པོ་ཡོང་ཆེད་སོ་སོའི་ཆོས་ལུགས་ཀྱི་གནད་འགག་དང་རྒྱུ་མཚན་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་ཆགས་ཡོད། དེར་བརྟེན་ངོས་ཀྱིས་ནང་པོ་ཚོར། དུས་རབས་ཉེར་གཅིག་པའི་ནང་པ་ཞིག་བྱེད་དགོས། དུས་རབས་ཉེར་གཅིག་པའི་ནང་པ་ཞེས་པ་དེ་སངས་རྒྱས་ཀྱི་ཆོས་ཀྱི་འགྲོ་སྟངས་ཤེས་པའི་ཐོག་ནས་སངས་རྒྱས་ཆོས་ལ་དད་པ་བྱས་མ་བྱེད་སོ་སོ་རང་དབང་རེད། དད་པ་བྱས་ན་སངས་རྒྱས་ཀྱི་འགྲོ་སྟངས་ཤེས་པ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཤེས་ནས་དད་པ་ཐོབ་པ་ཞིག་དགོས་ཞེས་བརྗོད་བཞིན་ཡོད། བཅོམ་ལྡན་འདས་ཀྱིས་བླང་དོར་གྱི་གནས་བསྟན་པ་དེར་ང་ཚོས་སློབ་སྦྱོང་བྱས་པའི་ཐོག་ནས་སོ་སོའི་ཁམས་དང་མོས་པར་འཚམ་གྱི་འདུག་ན་དེ་ལག་ལེན་བསྟར་ནས་ཉམས་ལེན་བྱེད་དགོས། དེར་བརྟེན་སློབ་སྦྱོང་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། ཅེས་བཀའ་སློབ་སྩལ་ཏེ་ཆོས་འབྲེལ་དངོས་གཞི་དབུ་འཛུགས་མཛད།
ད་ཐེངས་རྒྱ་གར་བའི་ནང་པ་རྣམས་ལ་རང་ཕ་མེས་རིག་གཞུང་ནང་ཆོས་ངོ་སྤྲོད་འདི་ནི་ཐོག་མ་ཡིན་པ་མ་ཟད། རྗེས་ལོ་ཡང་ནང་ཆོས་ངོ་སྤྲོད་འདི་བཞིན་སྩོལ་འཆར་གྱི་བཀའ་བཞེས་བཟང་པོ་ཐོབ་ཡོད།
ད་རེས་ཀྱི་ཆོས་འབྲེལ་དེ་བཞིན་སྔ་དྲོ་ཆུ་ཚོད་ ༩།༣༠ ནས་༡༡།༣༠ བར་ཆོས་ཐུན་གཅིག་དང་། ཕྱེ་ཡོལ་ཆུ་ཚོད་ ༡། ནས་ ༣ བར་ཆོས་ཐུན་གཅིག་བཅས་སྩལ་རྒྱུ་ཡིན་འདུག་པ་བཅས། །