༢༠༡༢ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གྲགས་ཆེ་བ་གསུམ་སྟེ། མང་གཙོ་སྣ་འབྲེལ་ཚོགས་པ་(DA)དང་མི་མང་ཚོགས་པ། (Congress of the People) ཨིན་ཁ་ཏ་རང་དབང་ཚོགས་པ་(Inkatha Freedom Party)བཅས་ཀྱིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་(Parliamentary Solidarity for Tibet)སྲུང་བརྩི་ཞུ་སྐབས་ཆབ་སྲིད་ཚོགས་པ་གསུམ་གྱི་སྐུ་ཚབ་ནས་གྲོས་ཚོགས་སུ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་ཡོད།
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ཚེས་ ༡༤ ཉིན་མི་མང་ཚོགས་པའི་འཐུས་མི་ལྕམ་སྐུ་མེག་ཁན་ཕི་མཆོག་གིས་གྲོས་ཚོགས་ནང་། རྒྱ་ནག་གཞུང་ནས་བོད་ནང་བོད་མིར་དྲག་གནོན་མུ་མཐུད་བྱེད་བཞིན་པ་དེ་མཚམས་འཇོག་བྱེད་དགོས་པའི་གྲོས་གཞི་བཏོན་གནང་བ་མ་ཟད། བོད་དོན་ལ་རྒྱབ་སྐྱོར་ཡོད་པའི་བསྒྲགས་གཏམ་ཞིག་ཀྱང་སྤེལ་བའི་ནང་འཁོད་དོན། མི་མང་ཚོགས་པའི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་ནས་བོད་ནང་གི་བོད་མི་རྣམས་ལ་ཆོས་དད་རང་དབང་དང་རིག་གཞུང་། སྨྲ་བརྗོད་རང་དབང་སྤྲོད་དགོས་སྐོར་ཡུལ་དེའི་སྲིད་འཛིན་ཚོགས་པ་ཡོངས་ནས་རྒྱ་ནག་གཞུང་ལ་སྐུལ་ལྕག་གཏོང་དགོས། དེ་བཞིན་ལྷོ་ཨ་ཕི་རི་ཀའི་གཞུང་ནས་ཀྱང་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་བོད་མི་མང་ལ་རང་སྐྱོང་གི་གནས་བབས་ཚད་ལྡན་ཡོང་བའི་བསམ་འཆར་གྱི་ཡི་གེ་གཞིར་བཟུང་བོད་རྒྱའི་དཀའ་ངལ་སེལ་ཐབས་སུ་རྒྱ་ནག་གཞུང་ནས་བོད་མིའི་སྒྲིག་འཛུགས་དང་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པའི་གནོན་ཤུགས་སྤྲོད་དགོས། རྒྱ་ནག་གཞུང་ནས་བོད་ནང་གི་བོད་མིར་སྡུག་སྦྱོང་སྣ་ཚོགས་ཚབས་ཆེན་བཏང་དང་གཏོང་མུས་ཡིན་པ་ཁག་ལ་རང་དབང་ལ་དགའ་བའི་སྲིད་དོན་ཚོགས་པ་ཡོངས་དང་གྲོས་ཚོགས་ནས་འགོག་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེང་སྐབས་བོད་མི་མང་དག་ཅིག་གིས་བོད་ཀྱི་བདེན་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད། བོད་ནང་གི་བོད་མིས་རྒྱ་ནག་གཞུང་ལ་ཞི་རྒོལ་བྱེད་རྒྱུའི་གདམ་ཁ་དེ་ལས་གཞན་ཞིག་མེད་སྟབས་དེ་ལྟར་གནང་བཞིན་ཡོད། གལ་ཏེ་རྒྱ་ནག་གཞུང་ནས་བོད་ནང་སྤེལ་བཞིན་པའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཁག་ལ་ངོ་རྒོལ་དང་སྐྱོན་བརྗོད་མ་བྱས་ན། སེ་རི་ཡའི་གཞུང་ནས་མི་མང་དམར་གསོད་བྱས་པར་སྐྱོན་བརྗོད་བྱ་རྒྱུའི་ཐོབ་ཐང་མེད། སོགས་འཁོད་ཡོད་པ་བཅས། །
ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མིས་བོད་དོན་ཆེད་བསྒྲགས་གཏམ་སྤེལ་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)