༢༠༡༢ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༡ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་(TPPRC) པན་ཆི་ན་ཐ་ཉམས་ཞིབ་བསྟི་གནས་ཁང་ (Panchnad Research Institute) གིས་གོ་སྒྲིག་ཐོག་ཧི་མཱ་ཅལ་མངའ་སྡེའི་རྒྱལ་ས་སིམ་ལའི་བྷ་ཆེ་ཌི་བྷ་ཝན་གྱི་ (Budget Bhavan) ཚོགས་ཁང་དུ། རྒྱ་གར་གྱི་བདེ་འཇགས་ཐོག་བོད་ཀྱི་ཁོར་ཡུག་གལ་གནད་ཆེ་ཚུལ་སྐོར་བགྲོ་གླེང་ལྷན་ཚོགས་ཤིག་གོ་སྒྲིག་གནང་འདུག དེ་ཡང་བགྲོ་གླེང་གནང་མཁན་རྣམས་ནི་རྒྱ་གར་གསར་འགྱུར་ལས་ཁང་གི་གཙོ་འཛིན་སྐུ་ཞབས་ཤཱམ་ཁོ་སི་ལཱ་ (Mr. Shyam Khosla)མཆོག་དང་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་སུ་ཌི་རིབ་ཏ་རོའི་ (Mr. Sudripta Roy)མཆོག ཧི་མཱ་ཅལ་མངའ་སྡེའི་འཕྲོད་བསྟེན་བློན་ཆེན་སྐུ་ཞབས་རཱ་ཇིབ་བྷིན་ཌལ་ (Dr. Rajeev Bindal) མཆོག སྙན་གྲགས་ཅན་གྱི་རྒྱ་གར་གསར་འགོད་པ་དང་བོད་དོན་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་སྐུ་ཞབས་ཝི་ཇེ་ཀ་རན་ཏི་ (Mr. Vijay Kranti) ལགས། དེ་བཞིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་སྐུ་ཞབས་བསྟན་འཛིན་ནོར་བུ་ལགས་བཅས་ཡིན་འདུག སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་གཞུང་གི་ལས་བྱེད་དང་ཤེས་ཡོན་མི་སྣ། སིམ་ལ་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི། གཙུག་ལག་སློབ་གྲྭའི་སློབ་དཔོན། གསར་འགོད་པ། དེ་བཞིན་སིམ་ལ་ས་གནས་འགོ་འཛིན་སྐུ་ཞབས་ཚེ་རིང་བཀྲ་ཤིས་ལགས་བཅས་ཁྱོན་མི་གྲངས་ ༡༠༠ ལྷག་འདུ་འཛོམས་བྱུང་ཡོད།
མཛད་སྒོའི་ཐོག་མར་པན་ཆི་ན་ཐ་ཉམས་ཞིབ་བསྟི་གནས་ཁང་གི་འགན་འཛིན་དང་དེ་སྔ་ཧི་མཱ་ཅལ་མངའ་སྡེའི་ཤེས་ཡོན་བློན་ཆེན་ཟུར་པ་སྐུ་ཞབས་ཅ་མན་ལལ་གུབ་ཏ་ (Prof. Chamman lal Gupta) མཆོག་གིས་བགྲོ་གླེང་གནང་མཁན་རྣམས་ངོ་སྤྲོད་གནང་བ་དང་སྦྲགས། ཧི་མཱ་ལའི་ཁོར་ཡུག་གི་གལ་གནད་སྐོར་གསུང་བཤད་གནང་བ་མ་ཟད། སྐུ་ཞབས་ཝི་ཇེ་ཀ་རན་ཏི་ལགས་ཀྱིས་རང་ཉིད་དངོས་སུ་བོད་ནང་བསྐྱོད་པའི་ཉམས་མྱོང་གང་བྱུང་བ་དང་རྒྱ་ནག་གིས་བོད་མིའི་རིག་གཞུང་རྩ་མེད་བཟོ་བཞིན་པའི་མིག་མཐོང་ལག་ཟིན་བྱུང་བའི་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང། ཕྱོགས་མཚུངས་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་དོ་ཕོག་གཏོང་བཞིན་པ་དེས་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཚབས་ཇི་ལྟར་བཟོ་རྒྱུ་ཡིན་སྐོར་གསུངས། དེ་བཞིན་བསྟན་འཛིན་ནོར་བུ་ལགས་ཀྱིས་ད་ལྟ་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་ཇི་འདྲ་བཟོ་བཞིན་པའི་གནས་ཚུལ་ཞིབ་ཕྲ་གསལ་བཤད་གནང་བ་མ་ཟད། བོད་ཀྱི་འཁྱགས་རོམ་དང་བརྟན་ཆགས་འཁྱགས་རོམ་རིམ་བཞིན་དྲོད་ཚད་རྒྱས་པར་བརྟེན་བཞུར་བཞིན་ཡོད་པ་དང། བོད་ཀྱི་རྒྱུག་ཆུ་ཁག་ལ་རྒྱ་ནག་གཞུང་གིས་ཆུ་མཛོད་ཆེ་ཆུང་འདྲ་མིན་གསར་འཛུགས་བྱས་ཏེ་རྒྱུག་ཆུ་དེ་དག་རྒྱ་ནག་ཕྱོགས་སུ་ཁ་བསྒྱུར་བྱ་རྒྱུའི་ངན་བྱུས་འདིང་བཞིན་ཡོད་སྐོར་སོགས་གསལ་བཤད་གནང་ཡོད། མཛད་སྒོའི་མཇུག་བསྡོམས་སུ་སྤྱི་འཐུས་ཨཱ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་སྟེ་རྒྱ་གར་གྱི་རྒྱལ་གླུ་དབྱངས་སུ་བླངས་རྗེས་མཛད་སྒོ་ལེགས་པར་གྲུབ་ཡོད་པ་བཅས།།