༢༠༡༢ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་ཐོག་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ དབུ་འབྱེད་མཛད་སྒོར་འཕྲོད་བསྟེན་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་རྣམ་པར་འཕྲོད་བསྟེན་ལས་ཁུངས་ངོ་སྤྲོད་སྙིང་བསྡུས་ཤིག་གནང་སྟེ་གསུང་བཤད་གནང་དོན། འཕྲོད་བསྟེན་ལས་ཁུངས་འོག་སྨན་ཁང་ཆེ་བ་ ༧ དང་འབྲིང་བ་ ༤ ། ཆུང་བ་ ༤༣ ཡོད། སྤྱིར་བཏང་ང་ཚོ་འཕྲོད་བསྟེན་ལས་ཁུངས་ནས་ས་གནས་སུ་འཕྲོད་བསྟེན་དང་འབྲེལ་བའི་ལས་འཆར་གང་མང་སྤེལ་བཞིན་ཡོད་ཀྱང་ས་གནས་ས་ཐོག་ལ་ཐད་ཀར་སྙོབ་ཆེད་ས་གནས་འགོ་འཛིན་རྣམས་ཀྱི་རོགས་རམ་གནང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཉེ་ཆར་ང་ཚོས་དམིགས་བསལ་སྨན་བཅོས་ལྟ་སྐྱོང་གི་ལས་གཞི་འགོ་བཙུགས་ཡོད། དེའི་ནང་ས་གནས་འགོ་འཛིན་རྣམ་པས་དངོས་གནས་མཐུན་འགྱུར་ཡག་པོ་གནང་བྱུང་། དེར་བརྟེན་ཁྱེད་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་འོངས་པར་ཡང་འཕྲོད་བསྟེན་དང་འབྲེལ་བའི་ལས་འཆར་གང་ཞིག་ཡིན་རུང་དེའི་ནང་ས་གནས་འགོ་འཛིན་རྣམས་ནས་ཕྱར་གྲུ་མཉམ་འདེགས་གནང་རྒྱུ་གལ་འགངས་ཆེན་པོ་ཆགས་ཀྱི་འདུག བལ་ཡུལ་ནང་ད་ལྟའི་ཆར་སྨན་ཁང་ ༡༦ ཙམ་ཡོད་ཀྱང་ཆབ་སྲིད་དབང་གིས་ལས་དོན་བྱེད་ཕྱོགས་ཐད་དཀའ་ངལ་འཕྲད་བཞིན་འདུག འཕྲོད་བསྟེན་ལས་ཁུངས་ནས་འཕྲོད་བསྟེན་དང་འབྲེལ་བའི་ལས་འཆར། གཞིས་ཆགས་ཁག་ཏུ་གཙོ་བོ་ཆུ་གཙང་མའི་རིགས་གང་ཐུབ་མཐུན་རྐྱེན་སྦྱོར་རྒྱུ་དང་། དེ་བཞིན་གཞིས་ཆགས་ཁག་གི་མི་འབོར་དང་ལོ་གཅིག་ནང་ཕྲུ་གུ་ག་ཚོད་སྐྱེ་གི་ཡོད་མེད། དེ་དག་ལ་སྔོན་འགོག་གི་ཁབ་ག་ཚོད་བརྒྱབ་ཡོད་མེད་ཐོག་ལས་གཞི་རྒྱ་ཆེན་པོ་ཞིག་འགྲོ་མུས་ཡིན། མ་དང་བྱིས་པའི་འཕྲོད་བསྟེན་ནང་བུད་མེད་འབྲུམ་མའི་རིགས་ལ་བརྟག་དཔྱད་རིན་མེད་ཐོག་ཞུ་བཞིན་ཡོད། ཕྲུ་གུ་སྐྱེས་རྗེས་སྤྱིར་བཏང་ཕྲུ་གུ་ལོ་ལྔ་མན་ཆད་ལ་རྒྱ་གར་གཞུང་གི་སྨན་ཁང་ནས་སྔོན་འགོག་གི་ཁབ་མཐུན་རྐྱེན་གནང་བཞིན་ཡོད་པ་དེའི་ཐོག་རྒྱ་གར་གཞུང་ནས་མ་གནང་བའི་སྔོན་འགོག་ཁབ་གོང་ཆེ་བ་ཁག་གསུམ་ཙམ་ང་ཚོས་མཐུན་འགྱུར་ཆ་ཚང་ཞུ་བཞིན་ཡོད། མ་དང་བྱིས་པའི་ལས་གཞི་འདི་གཞིས་ཆགས་ཁག་ཙམ་མ་རེད། ཁ་འཐོར་གཞིས་ཆགས་ཁག་གི་མི་མང་ཚང་མར་གནང་དགོས་ཀྱི་ཡོད་སྟབས། ས་གནས་འགོ་འཛིན་རྣམས་ནས་དེའི་ཐོག་འགན་ཆེ་ཙམ་བཞེས་རོགས་ཞེས་འབོད་སྐུལ་ཞུ་བཞིན་ཡོད། སྨན་བཅོས་ལྟ་སྐྱོང་ལས་གཞིར་ང་ཚོས་འཕྲོད་བསྟེན་ལས་ཁུངས་ནས་གལ་ཆེན་པོ་རྩི་བཞིན་ཡོད། དེ་བཞིན་བཀའ་ཤག་ནས་རྒྱབ་སྐྱོར་ཤུགས་ཆེ་གནང་བཞིན་འདུག་པས་ང་ཚོ་ཚང་མས་ལས་གཞི་འདི་ལམ་ལྷོང་ཡོང་ཆེད་ཤུགས་སྣོན་རྒྱག་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ང་ཚོས་སྨན་བཅོས་ལྟ་སྐྱོང་ལས་གཞིའི་ནང་ཚོགས་མི་ཁྲི་གཉིས་ཚོད་དཔག་བྱས་ཡོད། འོན་ཀྱང་སྟོང་ཕྲག་བདུན་ཙམ་མ་གཏོགས་སླེབས་ཐུབ་མི་འདུག ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
འཕྲོད་བསྟེན་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ པའི་ཐོག་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།