༢༠༡༢ ཟླ་ ༦་ཚེས་ ༡༢ རེས་གཟའ་མིག་དམར།
༄༅། །རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཚོགས་འཐུས་མི་རྣམ་པས་འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་བོད་ཀྱི་ཉིན་མོ་ (Solidarity Day for Tibet) སྲུང་བརྩི་ཞུ་རྒྱུ་མ་ཟད། དེང་སྐབས་བོད་ནང་གི་གནས་སྟངས་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཡོད་པར་བརྟེན། དེ་ཉིན་འཛམ་གླིང་ནང་བོད་མིར་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཚང་མས་བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་དགོས་པའི་འབོད་སྐུལ་ཤུགས་ཆེ་གནང་ཡོད། དེ་ཡང་ལས་འགུལ་གོ་སྒྲིག་གནང་མཁན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་འབྲེལ་མཐུད་ཚོགས་པ (International Network of Parliamentarians on Tibet ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་རྒྱ་མིའི་དམག་མི་མང་དུ་བཏང་སྟེ་བོད་ནང་ཡུལ་སྐོར་སྤྲོ་འཆམ་པ་སོགས་རྩ་བ་ནས་འགྲོ་མ་བཅུག་པར་དམ་བསྒྲགས་ཆེ་རུ་བཏང་བའི་སྲིད་བྱུས་དེར་ངོ་རྒོལ་ཆེད་ལས་འགུལ་དེ་གོ་སྒྲིག་གནང་རྒྱུ་ཡིན་སྐོར་གསལ་བཤད་གནང་ཡོད།
ཚོགས་པ་དེའི་ནང་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་ནི་ཡུ་རོབ་གྲོས་ཚོགས་ (European Parliament) འཐུས་མི་སྐུ་ཞབས་ཐོ་མ་སི་མན་ (Thomas Mann) མཆོག་དང་ཨི་ཊཱ་ལིའི་ (Italy) གྲོས་ཚོགས་འཐུས་མི་སྐུ་ཞབས་མ་ཐིའོ་མ་ཁ་ཅི་ (Matteo Mecacci) མཆོག ཨ་ཡི་སི་ལན་ཌིའི་ (Iceland) གྲོས་ཚོགས་འཐུས་མི་སྐུ་ཞབས་བྷིར་གི་ཊ་ཇོན་སི་ཌོ་ཏིར་ (Birgitta Jonsdottir) མཆོག ལྷོ་ཨ་ཕི་རི་ཀའི་ (South Africa) གྲོས་ཚོགས་འཐུས་མི་སྐུ་ཞབས་སན་ཏོ་ཤི་ཀལ་ཡཱན་ (Santosh Kalyan) མཆོག་དང་སྐུ་ཞབས་མཱ་རིའོ་ཨོ་རི་ཡན་ཨམ་བྷོ་རོ་ཤི་ནི་ (Mario Oriani-Ambrosini) མཆོག ཁེམ་བྷོ་ཊི་ཡའི་ (Cambodia) གྲོས་ཚོགས་འཐུས་མི་སྐུ་ཞབས་སན་ཆའི་ ( Son Chhay) མཆོག ཁེ་ཎ་ཌའི་ (Canada) གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཀོན་སིཀ་ལིའོ་ཌི་ནི་ནོ་ (Consiglio Di Nino) མཆོག ཨོ་སི་ཊོ་ལི་ཡའི་ (Australia) གྲོས་ཚོགས་འཐུས་མི་སྐུ་ཞབས་མེ་ཁལ་ཌན་བྷེ་ (Michael Danby) མཆོག རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་སྐུ་ཞབས་ཐོ་མ་སི་སངྒ་མ་ (Thomas Sangma) མཆོག བཅས་ཡིན་འདུག
བོད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ།
གསར་གནས།
འབྲེལ་གནས།