ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༢
༅༅། །ལྡི་ལི་བོད་ཀྱི་ཆོས་དང་རིག་གཞུང་བསྟི་གནས་ཁང་<བོད་ཁང་ནས་>དགའ་སྤྲོ་དང་བཅས་གསལ་བསྒྲགས་ཞུ་རྒྱུར། བོད་ཁང་ནས་བར་ལམ་ལོ་ལྟར་གོ་སྒྲིག་བྱེད་མུས་བཞིན། འདི་ལོར་ཡང་ ༢༠༡༢ – ༢༠༡༣ ལོའི་ཐོན་མི་སམ་བྷོ་ཊའི་ཉམས་ཞིབ་སློབ་ཡོན་གྱི་ས་མིག་ཅིག་གོ་སྒྲིག་ཞུས་ཡོད། འདི་ལོར་ཉམས་ཞིབ་ཀྱི་བརྗོད་གཞི་འདི་ལས་ནས་མི་གདམ་པར་ཉམས་ཞིབ་པ་སོ་སོས་འདོད་མོས་ལྟར་གདམ་དགོས་རྒྱུ། འོན་ཀྱང་བརྗོད་གཞི་དེ་ཉིད་བོད་དང་འབྲེལ་བའི་སྐོར། དཔེར་ན། ཆོས། སྲིད། རིག་གནས། སྤྱི་ཚོགས། སྒྱུ་རྩལ་སོགས་ཅི་རུང་ཞིག་ཐོག་ཡིན་དགོས་པ་ནི་བརྗོད་མེད། དཔྱད་རྩོམ་དེ་ཉིད་སྐད་ཡིག་དབྱིན་བོད་གཉིས་གང་རུང་ནང་བྲིས་ན་འཐུས། གོ་སྐབས་འདི་ལ་སྙན་ཞུ་འབུལ་འདོད་ཡོད་མཁན་རྣམས་སྤྱི་ལུགས་མཁས་པའི་ཉམས་ཞིབ་ཀྱི་ཚད་གཞི་དང་མཐུན་པའི་ཉམས་ཞིབ་བྱེད་ཚུལ་དང་ཉམས་ཞིབ་ཡིག་ཆའི་ཁྲིམས་དང་སྒྲིག་གཞི་སོགས་ཀྱི་ཐོག་སློབ་སྦྱོང་ཐོན་ཡོད་པའམ། ཡང་ན་དཔྱིས་ཕྱིན་ཤེས་རྟོགས་ཡོད་པ་དགོས་ངེས་ལས་དེ་མིན་ངོས་ལེན་མེད་པ་རྣམ་མངའ་ཞུ།
ཆ་རྐྱེན།
སྙན་ཞུ་འབུལ་མཁན་རྣམས་ནས་སྙན་ཞུའི་ཁ་ཤོག་ཡི་གེའི་ནང་མདོར་བསྡུས་ཐོག་རང་ཉིད་ཀྱི་ཤེས་ཡོན་དང་རྩོམ་རིག་སོགས་ཀྱི་སྐོར་རྒྱབ་ལྗོངས་ལོ་རྒྱུས་ཤིག ཉམས་ཞིབ་ཀྱི་བརྗོད་གཞི་གང་ཡིན་ངོས་འཛིན། ཉམས་ཞིབ་དེ་བྱེད་འདོད་ཇི་ལྟར་བྱུང་སྐོར་བཅས་འཁོད་དགོས། དེའི་ཐོག་རང་ཉིད་ཀྱི་བྱེད་འཆར་ཉམས་ཞིབ་དེའི་སྙིང་དོན་ ༼synopsis༽ ཤོག་གྲངས་གསུམ་ལས་མི་ཉུང་ཞིང་ལྔ་ལས་མི་མང་བ་ཞིག་དང༌། དཔྱད་གཞིའི་ཡིག་ཆ་ཇི་ཡོད་ཀྱི་ཐོ་གཞུང་༼list of references ༽བཅས་མཉམ་སྦྲགས་ཀྱིས་ཕྱི་ཚེས་ ༢༠༡༢།༨།༣༡ ནང་ཚུད་གཤམ་འཁོད་ཁ་བྱང་ཐོག་ཕུལ་ཚར་བ་གནང་དགོས། དེ་བཞིན་དོགས་འདྲི་སོགས་ཡོད་ན་གཤམ་འཁོད་འདི་གའི་ཨི་མེལ་ཁ་བྱང་ངམ་ཁ་པར་ཨང་གྲངས་བརྒྱུད་འབྲེལ་བ་གནང་རྒྱུ། སློབ་ཡོན་ཞིབ་འཇུག་ཚོགས་ཆུང་ནས་སྙན་ཞུ་རྣམས་ལ་ཞིབ་བཤེར་དང་གདམ་སྒྲུགས་གནང་སྟེ་འོས་ཆོས་ཚང་བ་བཟང་ཤོས་རྣམས་ཕྱི་ཚེས་ ༢༠༡༢།༩།༡༥ ནང་ཚུད་སྐབས་འབྲེལ་བཅར་འདྲིར་ཡོང་དགོས་པའི་བརྡ་ལན་འབུལ་འཐུས་བཅས་ཕྱི་ ༢༠༡༢ ཟླ་ ༧ ཚེས་ ༡ ལ་
བོད་ཁང་ནས།
༢༠༡༢ – ༢༠༡༣ ལོའི་ཐོན་མི་སམ་བྷོ་ཊའི་ཉམས་ཞིབ་སློབ་ཡོན།
Assistant Secretary
Tibet House
1, Institutional Area,
Lodhi Road, New Delhi – 110003
Email: [email protected]
Tel.: 011-24611515/24603652/24601356
www.tibethouse.in