༢༠༡༢ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། འདི་གར་ཐེ་ཝན་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། རྒྱ་ནག་རྒྱལ་ས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་དྲུག་བཞིའི་དོན་རྐྱེན་བྱུང་ནས་མི་ལོ་ ༢༣ འཁོར་བའི་སྐབས་སུ་ཐེ་ཝན་བོད་རྒྱ་མཐུན་ཚོགས་དང་། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་མཉམ་འབྲེལ་ཐོག་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་བཅོས་དང་དྲུག་བཞིའི་དོན་རྐྱེན་ལ་དག་སེལ་དགོས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་གནང་ཡོད།
ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༣ ཉིན་གྱི་ཕྱི་དྲོ་ཐེ་ཝན་སློབ་ཆེན་སློབ་གྲོགས་མཉམ་འཛོམས་ཚོགས་ཁང་ནང་རྒྱ་ནག་དང་། ཐེ་ཝན། ཧོང་ཀོང་། ཤར་ཏུ་ཀི་སི་ཐན། བོད་མི་བཅས་མི་གྲངས་སུམ་ཅུ་བརྒལ་བ་ལྷན་འཛོམས་གནང་ཡོད། བགྲོ་གླེང་ཚོགས་འདུའི་སྐུ་མགྲོན་གཙོ་བོ་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་མགྲོན་འབོད་གནང་ཡོད་ཀྱང་། སྐུ་ཚབ་དོན་གཅོད་གཞུང་འབྲེལ་ཕྱོགས་བསྐྱོད་གནང་བར་བརྟེན། དོན་ཁང་གི་དྲུང་ཆེ་བསོད་ནམས་རྡོ་རྗེ་ལགས་ཆེད་བཅར་གནང་སྟེ་ཐོག་མའི་སྐུ་མགྲོན་གྱི་གསུང་བཤད་སྐབས་ཕྱི་ལོ་ ༡༩༨༩ ལོར་ཧུའུ་ཡའོ་པང་དགོངས་པ་རྫོགས་རྗེས་པེ་ཅིང་གི་སློབ་གྲྭ་ཆེན་མོའི་སློབ་ཕྲུག་རྣམས་ནས་མྱ་ངན་ཞུས་པའི་ལས་འགུལ་ཁག་རྒྱལ་གཅེས་དང་། ཞི་བའི་ཐོག་ནས་སྤེལ་ཡོད་ཀྱང་། ཕྱི་ཟླ་ ༤ ཚེས་ ༢༦ ཉིན་རྒྱ་ནག་གཞུང་འབྲེལ་མི་དམངས་ཉིན་རེའི་ཚགས་ཤོག་སྟེང་སློབ་ཕྲུག་གི་ལས་འགུལ་དེ་དག་ཟིང་འཁྲུག་ལ་ངོས་འཛིན་བྱས་རྐྱེན། སློབ་ཕྲུག་སོགས་ཁོང་ཁྲོ་ཇེ་ཆེར་ལངས་ནས་ལས་འགུལ་གཞི་རྒྱ་ཆེ་རུ་སོང་སྟེ་མཐའ་མ་ཕྱི་ཟླ་ ༦ ཚེས་ ༤ ཉིན་རྒྱ་གཞུང་གིས་དྲག་གནོན་བྱས་པ་དང་། དེ་བཞིན་བོད་རྔ་པ་ཁུལ་ལ་ཆ་མཚོན་ན། བོད་མི་མང་པོས་རང་ལུས་མེར་སྲེག་གཏོང་བཞིན་ཡོད་པ་གསར་འགྱུར་བརྒྱུད་ལམ་ཐོག་ནས་ཚང་མས་གསལ་པོ་མཁྱེན་གསལ་རེད། རྔ་བའི་ཡུལ་མི་ཞིག་གིས་བྲིས་པའི་རྩོམ་ཡིག་ནང་གསལ་ལྟར་ན། ཕྱི་ལོ་ ༢༠༠༨ ལོའི་སྔོན་རོལ་དུ་ས་གནས་བོད་མི་དང་། དེ་ཁུལ་གནས་པའི་རྒྱ་མི་རིགས། ཁ་ཆེ་མི་རིགས་སོགས་ཕན་ཚུན་ཞི་མཐུན་མཉམ་གནས་ཡོད་པ་ལས་མི་རིགས་ཀྱི་འགལ་ཟླ་མེད། འོན་ཀྱང་ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༡ ནས་འགོ་བཙུགས་ཏེ་རྔ་བ་ཁུལ་དགོན་པའི་ནང་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་དགོས་པའི་གནོན་ཤུགས་ཇེ་བཏང་དང་། ཕྱི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་ནང་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་སྐབས་དགོན་པའི་ཕྱི་རོལ་དུ་ཆགས་པའི་དམག་སྒར་ཁག་གི་དམག་མི་ཚོས་སྐད་ཤུགས་ཆེན་པོས་དམག་སྦྱོང་བྱེད་པ་སོགས་འཇིགས་སྐུལ་བྱས་ཏེ་ཡུལ་མིར་ཆེད་མངགས་ཁོང་ཁྲོ་བཟོས་པའི་རྐྱེན་གྱིས་ཡུལ་མིས་ངོ་རྒོལ་བྱས་པ་དེར་དྲག་གནོན་བྱས་པ་སོགས་ད་བར་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དེ་དག་ཚང་མ། རྒྱ་ནག་གཞུང་གི་སྲིད་བྱུས་དང་ཐབས་བྱུས་ནོར་བའི་རྐྱེན་གྱིས་བྱུང་བ་གཅིག་མཚུངས་ཡིན་པས། བརྟན་ལྷིང་དགོས་པར་འདས་པའི་སྲིད་བྱུས་དང་ཐབས་བྱུས་ནོར་འཛོལ་བྱུང་བ་ཁག་དག་སེལ་དགོས་པ་སོགས་ཀྱི་གཏམ་བཤད་གནང་ཡོད།
དངོས་གཞིའི་བགྲོ་གླེང་གི་ཐོག་དྲུག་བཞིའི་དོན་རྐྱེན་སྐབས་སློབ་ཕྲུག་གི་འགོ་གཙོ་གྲས་ཝུ་འར་ཁལ་ཤི་ཡིས་སྐབས་དེའི་སློབ་ཕྲུག་གི་ལས་འགུལ་ངོ་སྤྲོད་གནང་བ་དང་། ཁོང་གིས་བོད་དང་འབྲེལ་བའི་ཐོག་ལ་གསུང་དོན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་རླབས་ཆེའི་དགོངས་གཞི་ལ་རྗེས་སུ་ཡི་རང་དང་གུས་བཀུར་ཞུ་འོས་པ་མཐོང་། བོད་མིས་རང་ལུས་མེར་སྲེག་གཏོང་བའི་སྙིང་སྟོབས་ལ་གུས་འདུད་ཞུ་རྒྱུ་དང་དུས་མཚུངས་གདུང་སེམས་མཉམ་སྐྱེ་ཞུ་བཞིན་ཡོད། རང་སྲོག་ཤིན་ཏུ་རྩ་ཆེ་ཡིན་པས་མུ་མཐུད་རང་ལུས་མེར་སྲེག་མི་གཏོང་བའི་འབོད་སྐུལ་ཞུ་བཞིན་ཡོད་སོགས་གསུངས།
ཐེ་ཝན་གྲོས་ཚོགས་འཐུས་མི་ཟུར་པ་དང་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ཇན་ཏཱ་ཡིས་རྒྱ་ནག་ནང་མང་གཙོའི་སྐོར་ལ་གསུང་སྐབས། བཙན་བྱོལ་བོད་མིས་མིང་དོན་མཚུངས་པའི་མང་གཙོའི་ལམ་ལ་བསྐྱོད་ཟིན་པ་དང་། མི་མང་ནས་ཐད་ཀར་བཀའ་བློན་ཁྲི་པ་འོས་བསྡུའི་ལམ་ནས་འདེམས་ཐོན་བྱེད་བཞིན་ཡོད་པར་བསྔགས་བརྗོད་གནང་། ཐེ་ཝན་སློབ་གྲྭ་ཆེན་མོའི་རིག་གནས་འབུམ་རམས་པ་སྐུ་ཞབས་ཀྲུའུ་ཀྲེང་ཇི་ལགས་ཀྱིས་རྒྱ་ནག་ནང་གི་གནས་སྟངས་ངོ་སྤྲོད་གནང་སྐབས། ཐེ་ཝན་གཞུང་ལ་རྒྱ་ནག་དང་། དེ་བཞིན་ཤར་ཏུར་ཀི་སི་ཐན། བོད་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐད་དོ་སྣང་བྱ་རྒྱུའི་འོས་འགན་ཡོད་ལ། ལྷག་དོན་གོང་གསལ་ས་གནས་གཉིས་ནང་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པར་ཐུགས་འཁུར་བྱེད་དགོས་པ་མ་ཟད། མི་རིགས་དེ་གཉིས་རང་སོ་སོར་རང་བཙན་རྩོད་པའི་ཐོབ་ཐང་ཡོད་ལ། རང་སྐྱོང་བྱ་རྒྱུའི་ཐོབ་ཐང་སྤྲོད་དགོས་ཀྱི་རེད་སོགས་གསུངས།
ཐེ་ཝན་ཆབ་སྲིད་གཙུག་ལག་སློབ་ཆེན་སྤྱི་ཚོགས་ཚན་རིག་སྡེ་ཚན་གྱི་འགན་འཛིན་གཞོན་པ་དགེ་རྒན་ཆེན་མོ་ལིའི་ཡའོ་ཐན་ལགས་ནི་རྒྱ་ནག་གི་སྤྱི་ཚོགས་ཞིབ་འཇུག་གནང་མཁན་ཞིག་ཡིན་པ་དང་། ཁོང་གིས་བོད་དང་འབྲེལ་བའི་སྐོར་ལ་གསུང་དོན། ཁོང་ཉིད་སོག་པོར་ཕེབས་སྐབས་བུད་མེད་གཤིས་ཀ་ཧ་ཅང་གིས་བཟང་པོ་ཞིག་དང་ཐུག་འཕྲད་བྱུང་། ཧང་སངས་དགོས་པ་ཞིག་ལ་སོག་པོ་མི་རིགས་ནི་དཔའ་སྟོབས་ཆེ་བའི་མི་རིགས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་འདྲའི་གཤིས་ཀ་འཇམ་པོ་གང་ཡིན་སྐད་ཆ་དྲི་སྐབས། ཁོང་མོས་བཤད་དོན་ལོ་རྒྱུས་ཐོག་དེ་ལྟར་ཡིན་ཡང་རྗེས་སུ་བོད་ཀྱི་ནང་ཆོས་སོག་པོར་དར་རྗེས་མི་རིགས་ཀྱི་གཤིས་ཀ་ཡང་བསྒྱུར་བ་ཕྱིན་སྐོར་ཞེས་དང་། ཁོང་གིས་མུ་མཐུད་གསུང་དོན་ལ་རྡ་རམ་ས་ལར་བསྐྱོད་སྐབས། བཙན་བྱོལ་བོད་མི་རྣམས་རྒྱུན་དུ་ཆུད་ཟོས་མི་གཏོང་བའི་གྲོན་ཆུང་བསྲི་ཚགས་དང་། ཁོར་ཡུག་ལ་གཅེས་སྐྱོང་གི་བཟང་སྤྱོད་དང་ལྡན་པ་ཞིག་ཡིན་འདུག་པས། ཐེ་ཝན་མི་མང་གིས་སློབ་སྦྱོང་དང་མིག་དཔེ་བྱེད་འོས་པ་མཐོང་ལ། བོད་མིའི་ནང་ཆོས་དང་། བཟང་སྤྱོད། ཁོར་ཡུག་ལ་བདག་གཅེས་བཅས་རྒྱ་ནག་གཞུང་གིས་ལེགས་ཆ་དེ་དག་བླངས་ཐུབ་ན་རྒྱ་ནག་སྔར་བས་སྟོབས་ཆེན་དུ་གྱུར་ངེས་རེད་སོགས་གསུངས།
ཐེ་ཝན་ཀྲུང་ཧྭ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཙེང་ཅན་ཡོན་ལགས་ཀྱིས་གསུང་དོན། ཐེ་ཝན་དམངས་གཙོ་ཡར་ཐོན་
ཚོགས་པས་རྒྱ་ནག་དང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་ཐུགས་ཁུར་བྱས་ཏེ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཐོག་སླེབས་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་སོགས་གསུངས། ཚོགས་བཅར་བ་ཕལ་ཆེ་བས་བོད་ནང་གི་བོད་མི་རྣམས་ཀྱིས་རང་ལུས་མེར་སྲེག་གཏོང་རྒྱུ་མཚམས་འཇོག་གནང་སྟེ། དེ་མིན་ཟས་བཅད་ངོ་རྒོལ་སོགས་རྣམ་པ་གཞན་གྱི་ཐོག་ནས་རང་གི་མངོན་འདོད་མཚོན་ཐུབ་པ་བྱ་རྒྱུའི་བསམ་ཚུལ་སོགས་བགྲོ་གླེང་ལྷུག་པོ་གནང་ཡོད་པ་བཅས།།