༢༠༡༢ ཟླ་ ༦ ཚེས་ ༢༥ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༤ རེས་གཟའ་ཉི་མའི་ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨི་ཊ་ལིའི་མི་རན་ཌོ་ལའི་ Mirandola ས་ཁུལ་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁུལ་དེར་ས་ཡོམ་གྱི་གོད་ཆག་ཕོག་པའི་མི་མང་རྣམས་ལ་ཐུགས་གསོ་མཛད། ས་ཡོམ་སྐབས་མི་གྲངས་ ༡༧ ཙམ་རྐྱེན་འདས་སུ་གྱུར་བ་མ་ཟད། མི་གྲངས་ ༢༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད། དེ་བཞིན་མི་གྲངས་ ༡༤༠༠༠ ཙམ་གྱི་སྡོད་ཁང་ཤུལ་མེད་དུ་སོང་ཡོད་པར་བརྟེན་མགོན་པོ་གང་ཉིད་མཆོག་གིས་མང་ཚོགས་རྣམས་ལ་སྐབས་དེར་ཐུགས་གསོའི་བཀའ་སློབ་ཕེབས་དོན།
དེ་སྔ་ནིའུ་ཛི་ལེན་ཌིའི་ཁེ་ར་ཡི་སི་ཆར་ཆི་ཁུལ་དུ་ས་ཡོམ་བརྒྱབ་རྗེས་ངོས་རང་མང་ཚོགས་རྣམས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་བཅར་རྒྱུ་བྱུང་བ་མ་ཟད།
ཉི་ཧོང་ཁུལ་གྱི་ས་ཡོམ་དང་མཚོ་རླབས། རྡུལ་ཕྲན་དུག་རླབས་ཕོག་སའི་ས་ཁུལ་དུ་ཡང་འགྲོ་རྒྱུ་བྱུང། ངོས་ཀྱིས་སྐབས་དེར་ཁོང་ཚོར་གང་བརྗོད་པ་རྣམས་དེ་རིང་འདིར་ཁྱེད་རང་ཚོར་བརྗོད་རྒྱུ་ཡིན། ཁྱེད་ཚོས་སྙིང་སྟོབས་ནམ་ཡང་མ་ཞུམ་པར་མ་འོངས་པར་རེ་བ་བཟང་ས་ནས་རྒྱག་དགོས། ཁྱེད་ཚོས་ས་ཡོམ་སྐབས་ཁང་ཁྱིམ་དང་བཟོ་གྲྭ་ཤུལ་མེད་དུ་སོང་བ་རྣམས་བསྐྱར་གསོ་ཐུབ་ངེས་ཡིན། མཚམས་རེ་ངོས་ཀྱིས་ཨི་ཊཱ་ལིའི་མི་རྣམས་སོས་དལ་ངང་སྡོད་མཁན་ལྟ་བུའི་ཚོར་སྣང་ཡོང་བཞིན་འདུག ད་ལྟའི་དུས་སྐབས་ནི་སོས་དལ་ངང་གནས་རྒྱུའི་དུས་ཚོད་མིན།
ཚང་མས་རིག་པ་སྒྲིམ་སྟེ་ཧུར་སྐྱེད་བྱེད་དགོས། མི་མང་པོས་ཁྱེད་ཚོར་དཀའ་ངལ་འཕྲད་སྐབས་རོགས་རམ་བྱས་ཡོད། དེར་བརྟེན་མ་འོངས་པར་རེ་བ་བཟང་པོ་ཞིག་བརྒྱབ་སྟེ་གོམ་པ་མདུན་སྤོས་བྱེད་དགོས། ཞེས་སོགས་ཀྱི་བཀའ་སློབ་གྲུབ་བསྟུན། ༸གོང་ས་མཆོག་གིས་ཨ་སྒོར་ལྔ་ཁྲི་ངལ་སེལ་རོགས་སྐྱོབ་ཆེད་གསོལ་རས་སྩལ། ཕྱོགས་མཚུངས་ས་གནས་དཔོན་རིགས་ཤིག་གིས་ས་ཡོམ་བརྒྱབ་སྟེ་ཁང་ཁྱིམ་ལ་གཏོར་བཤིག་ཕྱིན་པའི་ཤུལ་ལུས་ཁག་གཅིག་གཟིགས་འབུལ་ཞུས། སྐབས་དེར་ས་གནས་མང་ཚོགས་རྣམས་ཀྱིས་༸གོང་ས་མཆོག་ལ་དགའ་བསུའི་རྣམ་འགྱུར་བསྟན་ཏེ་ཕྱག་དབང་ཐོབ་ཐབས་ཀྱང་བྱས་ཡོད་པ་མ་ཟད།
ཡུལ་མི་ཚོའི་དཀའ་ངལ་གྱི་དུས་སྐབས་སུ་༸གོང་ས་མཆོག་གིས་ཐུགས་གསོ་མཛད་རྒྱུར་ཆེད་མངགས་ཁུལ་དེར་ཆིབས་སྒྱུར་བཀའ་དྲིན་བསྐྱངས་པར་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བ་བྱུང་བའི་རྣམ་འགྱུར་ཤུགས་ཆེ་བསྟན་ཡོད།
དེ་རྗེས་༸གོང་ས་མཆོག་གིས་ཨི་ཊ་ལིའི་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མ་ཏེ་ར་ Matera ཞེས་པ་དེར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་བྷེ་ཊི་ཝིལ་ཡེམ་སི་ Betty Williams མཆོག་གིས་ཞི་བདེའི་གྲོང་ City of Peace ཞེས་པ་གསར་བསྐྲུན་གྱི་ལས་གཞིར་རྒྱབ་སྐྱོར་ཆེད་ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ་རྗེས་དྲི་བ་ཁག་གཅིག་ལ་བཀའ་ལན་ཡང་མཛད། ཕྱི་ཚེས་ ༢༤ ཉིན་༸གོང་ས་མཆོག་གིས་ལྕམ་སྐུ་མཆོག་དང་ལྷན་ཞི་བདེའི་གྲོང་ལ་གཟིགས་ཞིབ་ཆེད་ཆིབས་སྒྱུར་བསྐྱང་རྒྱུ་ཡིན་འདུག་པ་བཅས།།