༢༠༡༢ ཟླ་ ༦ ཚེས་ ༡༩ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༧ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མན་ཆེ་སི་ཊར་ཁུལ་དུ་ཆོས་འབྲེལ་ལེགས་པར་བསྐྱངས་གྲུབ་རྗེས་ཐད་འཕུར་གནམ་གྲུ་བརྒྱུད། དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་ཆིབས་སྒྱུར་བསྐྱངས་ཏེ་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་མཚམས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གཙོས་ས་གནས་བོད་རིགས་ཚོས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ཡང་༸གོང་ས་མཆོག་ལོན་ཌོན་དུ་ཆིབས་སྒྱུར་མ་བསྐྱངས་གོང་མན་ཆེ་སི་ཊར་ཁུལ་གྱི་ཉིན་མཐའ་མའི་མཛད་འཕྲིན་སྐབས་སྔ་དྲོ་ཐོག་མར་མན་ཆེ་སི་ཊར་བཞུགས་གནས་མགྲོན་ཁང་དུ་ཡི་ཤུའི་ཆོས་པ་དགེ་འདུན་པ་སྐུ་ཞབས་ལོ་རེན་སི་ཕི་རི་མན་ (Laurence Freeman) མཆོག་གིས་མཇལ་བཅར་ཞུས་ཡོད།
ཁོང་ནི་༸གོང་ས་མཆོག་གི་ཡུན་རིང་གི་ཆོས་གྲོགས་ཤིག་ཡིན་པ་དང་། སྤྱིར་སྐུ་ཞབས་ལོ་རེན་སི་ཕི་རི་མན་མཆོག་ནི་ཡི་ཤུའི་སྒོམ་གྱི་ཐབས་ལམ་གོ་རྟོགས་སྤེལ་རྒྱུའི་ལས་འགུལ་ནང་འབད་བརྩོན་ཧ་ཅང་གནང་མཁན་ཞིག་ཡིན་འདུག་པ་མ་ཟད། ༸གོང་ས་མཆོག་དང་ལྷན་ཆོས་ལུགས་མཐུན་སྒྲིལ་གྱི་ལྷན་ཚོགས་མང་པོར་མཉམ་ཞུགས་གནང་ཡོད། དེ་རྗེས་༸གོང་ས་མཆོག་གིས་མན་ཆེ་སི་ཊར་ཁུལ་གྱི་ཆོས་འབྲེལ་འཕྲོ་སྐྱོང་མཛད་ཡོད། སྐབས་དེར་ཐོག་མར་ལེགས་སྦྱར་སྐད་ཐོག་ཤིས་བརྗོད་གསུང་འདོན་གནང། དེ་རྗེས་༸གོང་ས་མཆོག་གིས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རྩ་བ་ཤེས་རབ་ཀྱི་མཆོད་བརྗོད་། གང་གིས་ཐུགས་རྗེས་ཉེར་བཟུང་ནས།། ལྟ་བ་ཐམས་ཅད་སྤངས་པའི་ཕྱིར།། དམ་པའི་ཆོས་ནི་སྟོན་མཛད་པ། གོ་གཏམ་དེ་ལ་ཕྱག་འཚལ་ལོ།།
ཞེས་པ་དེ་གསུང་འདོན་མཛད་དེ་མགོན་པོ་གང་ཉིད་མཆོག་གིས་སྔ་དྲོ་རྟག་པར་འདོན་གནང་མཛད་སྐོར་བཀའ་སྩལ་བ་དང་སྦྲགས། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་དཀའ་ཆོས་འཕྲོ་སྐྱོང་མཛད་རྗེས་བློ་སྦྱོང་ཚིགས་བརྒྱད་མའི་ཆོས་འབྲེལ་མཛད། ཉིན་གུང་ལྗགས་སྨིན་གྲུབ་རྗེས་༸གོང་ས་མཆོག་གིས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ་རྗེས་ལོན་ཌོན་དུ་ཆིབས་སྒྱུར་བསྐྱངས་ཡོད། ཕྱི་ཚེས་ ༡༨ ཉིན་༸གོང་ས་མཆོག་གིས་ཝེ་སི་མིན་སི་ཊར་གཙུག་ལག་སློབ་ཁང་དུ་ (University of Westminster) མང་གཙོའི་རིན་ཐང་དང་བོད། ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་མ་ཟད། ཕྱེད་ཡོལ་དུ་རོ་ཡལ་ཨལ་བྷ་ཊི་ཚོགས་ཁང་ཆེན་མོའི་ (Royal Albert Hall) ནང་དུ་དོན་དམ་གྱི་འགྱུར་བ་སེམས་ནས་ཡོང་དགོས། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་རྒྱུ་ཡིན་འདུག་པ་བཅས།།