༢༠༡༢ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢ རེས་གཟའ་སྤེན་པའི་སྔ་དྲོ་ཆུ་ཚོད་ ༡༡ ཙམ་ལ་རྒྱ་གར་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་(Press Trust Of India)ཞེས་པའི་ཐེབས་རྩའི་ཚོགས་མི་གྲངས་ ༥༠ ཙམ་གྱིས་བཞུགས་སྒར་དུ་ཆེད་བཅར་གྱིས། རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཞུས་ཡོད་པ་མ་ཟད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་འགྲོ་བ་མིའི་བཟང་སྤྱོད་དང་འབྲེལ་བའི་ནང་གི་རིན་ཐང་དང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་ཐབས་ཀྱི་མཛད་འཁུར་གཙོ་བོ་གཉིས་ཀྱི་ཐོག་བཀའ་སློབ་སྩལ་དོན། འཛམ་གླིང་ནང་སྤྱིར་བཏང་ཚན་རིག་དང་འབྲེལ་བའི་ཤེས་ཡོན་རིག་གསར་ཐོག་ཧ་ཅང་ཡར་རྒྱས་ཕྱིན་ཡོད་ཀྱང་ལྐོག་ཟ་རུལ་སྲུངས་དང་ཐུབ་ཚོད། ཁྲིམས་འགལ་གྱི་ལས་རིགས་མང་དག་ཅིག་འབྱུང་བཞིན་ཡོད་པ་དེས་ནང་གི་བཟང་སྤྱོད་ཀྱི་མ་འདང་པའི་ཆ་ཞིག་ཡོད་པ་ཧ་ཅང་གསལ་པོ་རེད། ཅེས་བཀའ་སྩལ་བ་མ་ཟད། ཆོས་ལུགས་མཐུན་སྒྲིལ་སྐོར་བཀའ་སློབ་སྩལ་དོན། རྒྱ་གར་ནང་ལོ་ངོ་སྟོང་གི་རིང་ཆོས་ལུགས་འདྲ་མིན་མང་པོ་ཞིག་ལྷན་དུ་འཆམ་མཐུན་ངང་གནས་ཐུབ་པ་དེ་ནི་འཛམ་གླིང་ནང་གི་མིག་དཔེར་འོས་པ་ཞིག་ཆགས་ཡོད། དེར་བརྟེན་རྒྱ་གར་གྱིས་འཛམ་གླིང་ནང་ཆོས་ལུགས་མཐུན་སྒྲིལ་གོང་མཐོར་གཏོང་རྒྱུའི་ཐད་དོ་སྣང་དང་ལས་འགུལ་ཤུགས་ཆེ་རུ་སྤེལ་ཐབས་བྱེད་དགོས་ཞེས་སོགས་ཀྱི་བཀའ་སློབ་སྩལ་གྲུབ་རྗེས། གསར་འགོད་པའི་དྲི་བ་རྣམས་ལ་བཀའ་ལན་ཡང་སྩལ། སྐབས་དེར་བོད་དོན་དང་འབྲེལ་བའི་དྲི་བ་ཞིག་ཕུལ་བར་བཀའ་ལན་སྩལ་དོན། གསར་འགོད་པ་ཚོས་བོད་ཀྱི་གནད་དོན་ཇི་ཡིན་འཁྱོག་བཤད་མེད་པ་དྲང་པོའི་ལམ་ནས་བྱུང་རབས་ཁྲོད་འཕགས་བོད་ཀྱི་འབྲེལ་བ་ཇི་ཡོད་སོགས་ཀྱི་སྐོར་མི་ཐོག་གཞོན་པ་ཚོར་གསལ་བཤད་བྱེད་ཐུབ་པ་དགོས། བོད་བརྒྱུད་ནང་བསྟན་ལ་གཞི་བཅོལ་བའི་རིག་གཞུང་དེ་རྒྱ་གར་ཧི་མཱ་ལའི་ས་མཚམས་སུ་ཁྱབ་བརྡལ་ཆགས་ཡོད་པར་བརྟེན། ཇི་སྲིད་རིག་གཞུང་དེ་སྲུང་སྐྱོབ་ཐུབ་པ་དེ་སྲིད་དུ་རྒྱ་གར་གྱི་ས་མཚམས་ཀྱི་རིམ་པ་དང་པོ་དེ་སྲུང་སྐྱོབ་ཐུབ་རྒྱུ་ཡིན། ཞེས་སོགས་ཀྱི་བཀའ་སློབ་སྩལ།།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།