༢༠༡༢ ཟླ་ ༦ ཚེས་ ༢༡ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༠ རེས་གཟའ་ལྷག་པའི་ཉིན་བོད་མིའི་སྒྲིག་འཛུགས་བཀའ་ཤག་ཡང་སྟེང་ཚོགས་ཁང་དུ་མེའོ་དང་ཏེ་ཛུ། ཀ་སྦུག སྡེ་ར་ལྡུན་བཅས་ཀྱི་ས་གནས་སུ་བཀའ་ཤག་གིས་གསར་དུ་བསྐོ་གཞག་གནང་བའི་ས་གནས་འགོ་འཛིན་རྣམས་ལ་བཀའ་དྲུང་ཡིག་ཚང་གི་ཁྱབ་ཁོངས་ལས་བྱེད་གནས་སྤོས་བཀོད་སྒྲིག་འཆར་འབུལ་ཚན་པའི་ཟུང་དྲུང་ཚེ་རིང་སྟོབས་རྒྱལ་ལགས་དང་། ཨོ་རྒྱན་ལྕགས་ཟམ་པ་ལགས་གཉིས་ཀྱིས་བཀའ་ཤག་གི་ལངས་ཕྱོགས་ལྟར་ཟབ་སྦྱོང་སྤྲད་ཡོད། སྐབས་དེར་ཟུང་དྲུང་རྣམ་གཉིས་ཀྱིས་ས་འགོ་རྣམས་ལ་གཞིས་ཆགས་སོ་སོའི་རྒྱབ་ལྗོངས་ཀྱི་གནས་སྟངས་གསལ་བཤད་ཐོག་ས་གནས་འགོ་འཛིན་གྱི་ལས་གཞི་འདྲ་མིན་ཐོག་ལས་དོན་བྱེད་ཕྱོགས་སྐོར་ངོ་སྤྲོད་གནང་ཡོད་པ་མ་ཟད། ས་གནས་འགོ་འཛིན་རྣམས་ནས་ས་གནས་གྲོས་ཚོགས་འཐུས་མིའི་དྲི་བ་དང་ལས་དོན་ཐོག་འགན་ཁུར་དང་ལེན་ཞུ་རྒྱུ་དང། ཕྱོགས་མཚུངས་ས་གནས་སོ་སོའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ལངས་ཕྱོགས་ཇི་འདྲ་བཟུང་སྟེ་འབྲེལ་བ་གནང་དགོས་མིན། རྩིས་ཁྲ་གྲ་སྒྲིག་བྱེད་ཕྱོགས་དང་ས་གནས་ཀྱི་ལོ་འཁོར་ལས་བསྡོམས་གཏན་འབེབས་ཇི་འདྲ་བྱེད་དགོས་མིན་སོགས་ཀྱི་གནད་དོན་ཐོག་གསལ་བཤད་གནང་ཡོད། དེ་ཡང་ཟུང་དྲུང་ཨོ་རྒྱན་ལྕགས་ཟམ་པ་ལགས་ཀྱིས། ལས་བྱེད་གང་རུང་ཞིག་ལས་དོན་གསར་པ་ཞིག་དང་ཁོར་ཡུག་གསར་པ་ཞིག་ལ་བསྐོ་གཞག་བྱེད་སྐབས་དཀའ་ངལ་ཡོང་སྲིད། དེར་བརྟེན་ཟབ་སྦྱོང་འདི་རིགས་ཀྱིས་དཀའ་སེལ་རྒྱུར་ཕན་ཐོགས་ཡོད་ཅེས་སོགས་ཀྱི་ཟབ་སྦྱོང་སྤྲད་ཡོད་པ་བཅས།།
ས་གནས་འགོ་འཛིན་གསར་དུ་བསྐོ་གཞག་གནང་བ་ཚོར་ཟབ་སྦྱོང་གནང་བ།
གསར་གནས།
འབྲེལ་གནས།