༢༠༡༢ ཟླ་ ༦ ཚེས་ ༡༦ རེས་གཟའ་སྤེན་པ།
༄༅། །འདི་གར་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་ནང་ཆབ་སྲིད་ཚོགས་པ་གྲགས་ཆེ་བ་གསུམ་སྟེ་མང་གཙོ་སྣ་འབྲེལ་ཚོགས་པ་ (DA) དང་མི་མང་ཚོགས་པ། (Congress of the People) དེ་བཞིན་ཨིན་ཁ་ཏ་རང་དབང་ཚོགས་པ་ (Inkatha Freedom Party) བཅས་ཀྱིས་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་ (Parliamentary Solidarity for Tibet)”སྲུང་བརྩི་ཞུ་ཆེད་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་རྒྱབ་སྐྱོར་གྱི་བསྒྲགས་གཏམ་སྤེལ་བ་མ་ཟད། གྲོས་འཆར་དང་བོད་དོན་སྐོར་གྱི་དྲི་བ་བཏོན་པ་སོགས་གནང་ཡོད། སྤྱིར་འདི་ལོའི་ཕྱི་ཟླ་ ༤ ནང་ཁེ་ཎ་ཌའི་གྲོང་ཁྱེར་ཨོ་ཊ་ཝར་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༦ ཐོག་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༠ ཉིན་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་གྲོས་ཚོགས་འཐུས་མི་རྣམས་པས་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་འདུག འོན་ཀྱང་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་རྣམ་པས་ལས་འགུལ་སྔ་སྣུར་ཐོག་སྤེལ་ཡོད། དེ་ཡང་ལྷོ་ཨ་ཕི་རི་ཀའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཱ་རིའོ་ཇི་ཨར་ཨོ་རི་ཡ་ནོ་ཨེམ་རོ་སི་ནི་ Dr Mario GR Oriano-Amrosini མཆོག་གིས་ལྷོ་ཨ་ཕི་རི་ཀའི་སྐུ་ཚབ་དོན་གཅོད་སྐུ་ཞབས་མི་འགྱུར་རྡོ་རྗེ་ལགས་སུ་ཡིག་འབྲེལ་ཐོག་བཏང་གནས་ནང་འཁོད་དོན། ད་རིང་ང་ཚོས་གྲོས་ཚོགས་སུ་བོད་དོན་རྒྱབ་སྐྱོར་གྱི་ལས་འགུལ་སྤེལ་རྒྱུ་བྱུང་བར་དགའ་སྤོབས་ཆེན་པོ་བྱུང། ཕྱི་ཟླ་ ༦ ཚེས་ ༢༠ ཉིན་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པས་འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་གྱི་ཉིན་མོ་སྲུང་བརྩི་ཞུ་སྐབས་ང་ཚོ་ལྷོ་ཨ་ཕི་རི་ཀའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཚོགས་འཐུས་མི་རྣམས་པས་དེ་ཉིན་གདུང་སེམས་མཉམ་སྐྱེ་ཞུ་ཆེད་བོད་ཀྱི་གནད་དོན་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་རྒྱུ་ཡིན། ཞེས་སོགས་འཁོད་ཡོད་འདུག་པ་བཅས།།