༢༠༡༢ ཟླ་ ༦ ཚེས་ ༡༣ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་ ༣ བར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱ་ནག་གཞུང་གིས་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་ངལ་རྩོལ་བསྒྱུར་བཀོད་ (Laogai System ) ཀྱི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པའི་གནད་དོན་སྐོར་བགྲོ་གླེང་ལྷན་ཚོགས་ཤིག་ཚོགས་ཡོད། ལྷན་ཚོགས་སྐབས་ཨ་རིར་རྟེན་གཞི་བྱས་པའི་རྒྱ་ནག་ངལ་རྩོལ་བསྒྱུར་བཀོད་ཀྱི་ཉམས་ཞིབ་ཚོགས་ཆུང་གི་འགན་འཛིན་རྒྱ་རིགས་ཆབ་སྲིད་བཙོན་ཟུར་སྐུ་ཞབས་ཧར་རི་ཝུ་ (Harry Wu) ལགས་གིས་གཙོས་རྒྱ་ནག་དམར་པོའི་སྲིད་གཞུང་དང་ཆབ་སྲིད་ཀྱི་ལངས་ཕྱོགས་མི་མཐུན་པ་འཛིན་མཁན་ནམ་ཞི་རྒོལ་བྱེད་མཁན་གྱི་རྒྱ་རིགས་དང་བོད་རིགས་ཆབ་སྲིད་བཙོན་ཟུར་ཁག་གཅིག་མཉམ་ཞུགས་གནང་འདུག དེ་ཡང་རྒྱ་གར་ནས་ཆབ་སྲིད་བཙོན་ཟུར་མདོ་སྟོད་སྤྱི་འཐུས་གངས་ལྷ་མོ་ལགས་དང་མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གཞོན་པ་འཇམ་དཔལ་སྨོན་ལམ་ལགས། ཚེ་དབང་དོན་གྲུབ་ལགས། ཀླུ་མཁར་འབྱམས་ལགས། དེ་བཞིན་ཨ་རི་ནས་ཐུབ་བསྟན་མཁས་བཙུན་ལགས། བཅས་མཉམ་ཞུགས་གནང་ཡོད། རྒྱ་ནག་གི་བཙོན་ཁང་དུ་ལོ་ངོ་ ༡༩ རིང་དཀའ་སྡུག་མྱོང་མཁན་སྐུ་ཞབས་ཧེ་རི་ཝུས་གསུང་པ་ལྟར་ན། ངལ་རྩོལ་བསྒྱུར་བཀོད་སྐབས་ལུས་ཀྱི་ངལ་རྩོལ་དང་བསམ་བློའི་ངལ་རྩོལ་གཉིས་ཡོད་པའི་ནང་ནས་གཙོ་བོ་བསམ་བློར་བཅོས་བསྒྱུར་གཏོང་རྒྱུ་ཡིན་འདུག ངལ་རྩོལ་བསྒྱུར་བཀོད་དེ་བཞིན་ཐོག་མར་ཕྱི་ལོ་ ༡༩༥༠ ལོ་གྲངས་ནང་བོད་དུ་ཐོག་མར་འགོ་བཙུགས་བྱས་ཡོད་པ་དང་། ཁོང་གིས་ཕྱི་ལོ་ ༢༠༠༣ ལོར་ངལ་རྩོལ་བསྒྱུར་བཀོད་ (Laogai) ཅེས་པའི་ཐ་སྙད་དེ་བཞིན་འཛམ་གླིང་ནང་དབྱིན་ཇིའི་ཚིག་མཛོད་སྙན་གྲགས་ཆེ་བ་ཨོཀ་སི་ཕོ་ཌ་ (Oxford Dictionary) ནང་བཀོད་ཐུབ་པ་བྱུང་ཡོད། དེ་ཡང་ཨ་རིའི་ནང་བོད་དོན་ཐོག་དོ་སྣང་ཆེན་པོ་ཡོད་པར་བརྟེན།
ཐེངས་འདིར་བོད་ནང་ངལ་རྩོལ་བསྒྱུར་བཀོད་སྐོར་གྱི་ལྷན་ཚོགས་གོ་སྒྲིག་གནང་སྟེ་བོད་ཙམ་མ་ཟད། རྒྱ་ནག་ནང་དུ་བཙོན་པ་ས་ཡ་མང་པོས་དཀའ་ངལ་དེ་བཞིན་མྱོང་བཞིན་པར་དོ་སྣང་སླེབས་ཆེད་ཡིན་སྐོར་སྐུ་ཞབས་ཧར་རི་ཝུས་གསུངས་ཡོད། ལྷན་ཚོགས་གོ་སྒྲིག་གནང་མཁན་ཚོགས་པ་གསུམ་ཡོད་པ་རྣམས་ནི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ (International Campaign for Tibet) དང་ཊོམ་ལན་ཊོ་སི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་སྲུང་སྐྱོབ་ཚོགས་པ་ (Tom Lantos Foundation for Human Rights and Justice) དེ་བཞིན་དམར་པོའི་སྲིད་གཞུང་གི་མནར་གཅོད་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རྗེས་དྲན་ཐེབས་རྩ། (The Victims of Communism Memorial Foundation) ཞེས་པ་རྣམས་ཡིན་འདུག དེ་ཡང་ཚོགས་འདུའི་ཉིན་དང་པོར་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕེ་རངྐ་ཝུལྤ་ ( Frank Wolf) མཆོག་དང་ཁི་རིས་སི་མི་ཐི་ (Chris Smith) མཆོག དེ་བཞིན་ཨ་རིའི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་བཅས་ཀྱིས་གསུང་བཤད་གནང་ཡོད།
དེ་ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་གཞོན་པ་སྐུ་ཞབས་བུ་ཆུང་ཚེ་རིང་ལགས་ཀྱིས་ངལ་རྩོལ་བསྒྱུར་བཀོད་ཀྱི་ལྷན་ཚོགས་དེའི་སྐོར་གསུང་དོན། ངལ་རྩོལ་བསྒྱུར་བཀོད་དངོས་སུ་མྱོང་མཁན་གྱིས་ཚོར་བ་ལས་རྒྱ་རིགས་ཙམ་མ་ཟད། བོད་རིགས་ཚོས་ཀྱང་ངལ་རྩོལ་བསྒྱུར་བཀོད་ཟེར་བ་དེའི་སྐོར་ཤེས་རྟོགས་ཡོང་གྱུར་ཧ་ཅང་ཕན་ཐོགས་ཡོད། དེར་བརྟེན་རྒྱལ་སྤྱིའི་མང་ཚོགས་ཁྲོད་ངལ་རྩོལ་བསྒྱུར་བཀོད་ལ་དོ་སྣང་སླེབས་ཐུབ་པ་ཞིག་བཟོ་རྒྱུ་དེ་ང་ཚོའི་ལས་འགན་ཞིག་ཆགས་ཡོད། ཨ་རིའི་མི་མང་ཚོས་བོད་མི་ཚོར་རྒྱབ་སྐྱོར་གནང་བཞིན་ཡོད་པ་མ་ཟད། ཨ་རིའི་གྲོས་ཚོགས་འོག་མའི་ནང་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀས་བོད་དོན་ཐོག་མགྲིན་དབྱངས་གཅིག་གྱུར་ཐོག་ནས་རྒྱབ་སྐྱོར་གནང་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།