༢༠༡༢ ཟླ་ ༦ ཚེས་ ༡༡ རེས་གཟའ་ཟླ་བ།
༄༅། །རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་རྡ་སར་རྟེན་གཞི་བྱས་པའི་བོད་ཀྱི་ཟློས་གར་ཚོགས་ཁང་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༩ ཉིན་དབུ་འཛུགས་ཏེ་ཕྱི་ཚེས་ ༡༡ སྔ་དྲོ་ཆུ་ཚོད་ ༡།༣༠ ཙམ་ལ་ཡོངས་སུ་ལེགས་པར་གྲུབ་ཡོད། དེ་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཞོན་བླ་མ་ཆོས་འཕེལ་བཟོད་པ་ལགས་དང་། ཝི་ཇེ་ཀ་རན་ཏི་ (Vijay Karanti) ལགས། དེ་བཞིན་ཇེ་པ་ཤར་མ་ལགས་ (J.PSharma) བཅས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་གཙོ་བོ་དོན་ཚན་བཅུ་ཡོད་པ་རྣམས་ནི་གཤམ་གསལ།
༡༽ ཕྱི་ལོ་ ༢༠༡༣ ལོའི་ཕྱི་ཟླ་ ༢ ནང་རྒྱ་གར་རྒྱལ་ཡོངས་ནས་བོད་དོན་རྒྱབ་སྐྱོར་བ་རྣམས་རྒྱ་གར་རྒྱལ་ས་ལྡི་ལིར་ལྷན་འཛོམས་ཀྱིས་ལས་འགུལ་སྤེལ་རྒྱུ།
༢༽ ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༩ དང་ ༡༠ རིང་རྒྱ་མིས་ཕྱི་ལོ་ ༡༩༦༢ ལོར་རྒྱ་གར་ནང་བཙན་འཛུལ་བྱས་ནས་མི་ལོ་ ༦༠ འཁོར་བའི་རྗེས་དྲན་སྲུང་བརྩི་ཞུ་རྒྱུ།
༣༽ ཕྱི་ལོ་ ༢༠༡༣ དེ་བཞིན་བོད་རང་བཙན་གྱི་ལོ་ཞིག་ལ་སྲུང་བརྩི་ཞུ་རྒྱུ༜་མ་ཟད། ༸རྒྱལ་མཆོག་སྐུ་ཕྲེང་ ༡༣ ཆེན་པོ་མཆོག་ཕྱི་ལོ་ ༡༩༡༣ ལོར་རྒྱ་གར་ནས་ཕྱིར་བོད་དུ་༸ཞབས་སོར་འཁོད་གནང་མཛད་པ་ལྟར་། རྒྱབ་སྐྱོར་ཚོགས་པས་དེ་ལུགས་༸རྒྱལ་མཆོག་སྐུ་ཕྲེང་ ༡༤ ཆེན་པོ་མཆོག་ཀྱང་གང་མྱུར་ཕྱིར་བོད་དུ་༸ཞབས་སོར་འཁོད་ཐུབ་པ་ཡོང་རྒྱུའི་རེ་བ་ཞུ་རྒྱུ།
༤༽ རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ཚོགས་ཆུང་ཞིག་གསར་འཛུགས་ཐོག་ལམ་སྟོན་ཁྲིམས་ཡིག་གཏན་འབེབས་བྱས་ཏེ་ལོ་རྗེས་མའི་ཚོགས་ཆེན་ཐོག་ཟིན་བྲིས་ངོ་སྤྲོད་བྱ་རྒྱུ།
༥༽ རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཀྱིས་གོ་སྒྲིག་འོག་ས་གནས་སུ་ཡོད་པའི་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་སོ་སོས་འབྱུང་འགྱུར་ལོ་གཉིས་རིང་ས་གནས་སུ་བོད་དོན་ཚོགས་འདུ་འཚོགས་རྒྱུ།
༦༽ རྒྱ་གར་གཞུང་གིས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་རྒྱ་གར་གྱི་རིན་པོ་ཆེ་ (Bharat Ratna) ཞེས་པའི་གཟེངས་རྟགས་མཐོ་ཤོས་དེ་འབུལ་ལམ་ཞུས་ཏེ། ༸གོང་ས་མཆོག་གིས་རྒྱ་གར་དང་འགྲོ་བ་མི་རིགས་སྤྱི་ལ་སྨིན་པའི་མཛད་བཟང་ལ་ངོས་འཛིན་ཞུ་དགོས་པ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་ལས་འགུལ་སྤེལ་རྒྱུ།
༧༽ རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པས་རྒྱ་གར་གྱི་གྲོས་ཚོགས་དང་ཆབ་སྲིད་མི་སྣ་རྣམས་ལ་འབྲེལ་བ་བྱས་ཏེ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་གྲོས་ཚོགས་སུ་གདན་འདྲེན་ཞུས་ཏེ་བཀའ་སློབ་སྩལ་སྐྱོང་ཡོང་བའི་ལས་འགུལ་སྤེལ་རྒྱུ།
༨༽ རྒྱ་གར་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་རྒྱུན་ལས་དང་བཀའ་བློན་ཁྲི་པའི་དབར་མཇལ་འཕྲད་གོ་སྒྲིག་འབད་བརྩོན་ཞུ་རྒྱུ།
༩༽ རྒྱ་གར་བོད་དོན་རྒྱབ་སྐྱོར་འབྲེལ་མཐུད་ཚོགས་པ་དང་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་གཉིས་ཐུན་མོང་གིས་དགེ་འདུན་ཆོས་ཀྱི་ཉི་མ་ཀུན་གཟིགས་པཎ་ཆེན་སྐུ་ཕྲང་ ༡༠ ཡང་སྲིད་འཁྲུལ་མེད་ཡིན་པ་ངོས་འཛིན་ཐོབ་ཆེད་འབད་བརྩོན་གྱིས་ལས་འགུལ་སྤེལ་རྒྱུ།
༡༠༽ རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་བཤིག་བཏང་བའི་རྗེས་འབྲས་སུ་ལྷོ་ཨེ་ཤི་ཡ་དང་ལྷོ་ཤར་ཨེ་ཤི་ཡའི་ནང་གི་མི་མང་ཚོར་ངན་ཚབས་ཇི་འཕྲད་ཀྱི་གནད་དོན་རྣམས་རྒྱལ་སྤྱིའི་ལྷན་ཚོགས་གོ་སྒྲིག་བྱས་ཏེ་དྲིལ་བསྒྲགས་རྒྱ་ཁྱབ་གཏོང་ཐབས་བྱ་རྒྱུ་བཅས་ཡིན་འདུག་པ་བཅས།།
རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བཞི་པ་ལེགས་གྲུབ་རྗེས་གསར་འགོད་གསལ་བསྒྲགས་སྤེལ་བ།
གསར་གནས།
འབྲེལ་གནས།