༢༠༡༢ ཟླ་ ༦ ཚེས་ ༢༦ རེས་གཟའ་མིག་དམར།
༄༅། འདི་གར་བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༣ ཉིན་རྒྱ་གར་དབུས་བཟོ་ལས་བློན་ཆེན་རཱ་ཇཱ་ཝིར་བྷ་ཌ་ར་སིངྒ་ (Raja Virbhadra Singh) མཆོག་དགུང་གྲངས་ ༧༨ ཕེབས་པའི་འཁྲུངས་སྐར་དང་། ཆབ་སྲིད་ཀྱི་འགན་འཁུར་བཞེས་ཏེ་ལོ་ཧྲིལ་པོ་ ༥༠ འཁོར་བའི་དམིགས་བསལ་མཛད་སྒོ་ཞིག་སིམ་ལར་འཚོགས་གཏན་འཁེལ་བ་ལྟར། བློན་ཆེན་རཱ་ཇཱ་ཝིར་བྷ་ཌ་ར་སིངྒ་མཆོག་ནི་ཐོག་མཐའ་བར་གསུམ་བོད་དོན་ལ་ཁ་ཞེ་གཉིས་མེད་ཀྱིས་ཤ་ཚ་དང་རྒྱབ་སྐྱོར་་གནང་མཁན་ཞིག་ཡིན་པར་བརྟེན། བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང། སྤྱི་འཐུས་སྐལ་བཟང་རྒྱལ་མཚན་ལགས། བཀའ་ཤག་གི་སྐུ་ཚབ་སིམ་ལ་ས་གནས་འགོ་འཛིན་ཚེ་རིང་བཀྲ་ཤིས་ལགས།
སིམ་ལ་ས་འཐུས་ཚོགས་གཙོ་བསྟན་འཛིན་ལགས་བཅས་བློན་ཆེན་མཆོག་གི་གཟིམ་ཤག་ཏུ་ཚོགས་པའི་མཛད་སྒོར་ཆེད་བཅར་གྱིས་འཚམས་འདྲིའི་མཇལ་དར་དང་ཚེ་དཔག་མེད་ཀྱི་སྐུ་བརྙན་ཞིག་ཕྱག་རྟགས་སུ་ཕུལ་བ་མ་ཟད། རྒྱ་གར་གྱི་ཡུལ་སྲོལ་ལྟར་བློན་ཆེན་མཆོག་གི་སྐུ་ཟླར་སྟོད་གཡོག་ (shawl) ཅིག་ཀྱང་ཕུལ་ཏེ་བློན་ཆེན་མཆོག་གིས་འདས་པའི་མི་ལོ་ ༥༠ རིང་བོད་མིར་རྒྱབ་སྐྱོར་བླ་མེད་གནང་བར་བཀའ་དྲིན་རྗེས་དྲན་ཞུས་པ་དང་། ལྷག་པར་རྒྱ་གར་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་དུ་ཕ་ཡུལ་གཉིས་པ་ལྟ་བུའི་མཐུན་འགྱུར་བཀའ་དྲིན་བསྐྱངས་པར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས། ད་ལྟའི་བོད་ནང་དུ་ཛ་དྲག་གི་གནས་སྟངས་དེའི་འོག་བོད་མི་ ༤༡ གིས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ ༣༡ འདས་གྲོངས་སུ་གྱུར་བ་དང། མང་པོ་ཞིག་རྒྱ་ལག་ཏུ་ཚུད་དེ་གནས་ཚུལ་ཤེས་རྟོགས་དཀའ་བའི་ཛ་དྲག་གི་གནས་སྟངས་་སྙིང་བསྡུས་ཤིག་བློན་ཆེན་མཆོག་ལ་ངོ་སྤྲོད་ཞུས་པ་དང་ཆབས་ཅིག བློན་ཆེན་མཆོག་ནས་ད་དུང་མུ་མཐུད་བོད་མི་དང་བོད་དོན་ལ་སྔར་བཞིན་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞེས་འབོད་སྐུལ་ཞུས་ཡོད། སྐབས་དེར་བློན་ཆེན་མཆོག་གིས་ཀྱང་དགའ་ཚོར་ཆེན་པོས། ཁྱེད་ཚོ་འདིར་ཕེབས་པར་ངས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། གཙོ་བོ་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་སྐུ་ཚེ་ཡུན་རིང་བརྟན་རྒྱུ་ཧ་ཅང་གལ་ཆེ་ཡིན་ཞིང་། ང་ཚོར་མཚོན་ན་ག་དུས་ཡིན་ནའང་བོད་པར་རྒྱབ་སྐྱོར་དང་། བོད་པའི་རྒྱབ་ཏུ་ང་ཚོ་ཡོད་མུས་ཡིན་ཞེས་ཕན་ཚུན་སྐར་མ་ ༥༠ ཙམ་རིང་གླེང་མོལ་གནང་ཡོད།
བློན་ཆེན་རཱ་ཇཱ་ཝིར་བྷ་ཌ་ར་སིངྒ་མཆོག་ནི་རམ་སྤུར་གྱི་རྒྱལ་པོ་ཡིན་པ་དང་། སྔ་རྗེས་སུ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཐེངས་མང་གནང་མྱོང་ཡོད་པ་མ་ཟད། རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ཀྱི་འཐུས་མི་དང་། རྒྱ་གར་དབུས་ངར་ལྕགས་བློན་ཆེན། དེ་བཞིན་རྒྱ་གར་དབུས་བཟོ་ལས་བློན་ཆེན་གནང་མྱོང་ཡོད་པ་སོགས་རྒྱ་གར་དབུས་སའི་ཆབ་སྲིད་ཀྱི་འཛིན་སྐྱོང་དང་འབྲེལ་བའི་ལས་དོན་སྣ་མང་ཐོག་མི་སྣ་གལ་ཆེ་ཞིག་ཆགས་ཡོད། ལྷག་པར་བོད་དོན་དང་བོད་མི་ཚོར་ཧ་ཅང་སེམས་ཐག་ཉེ་པོའི་ཐོག་ནས་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་འདུག་པ་བཅས།།