༢༠༡༢ ཟླ་ ༦ ཚེས་ ༢༨ རེས་གཟའ་ཕུར་བུ།
༄༅། །བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༢༦ ཉིན་བཀའ་བློན་ཁྲི་པ་མཆོག་ཨོ་སི་ཊོ་ལི་ཡའི་རྒྱལ་ས་ཀེན་བྷེར་རར་ཕེབས་ནས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་ནས་བོད་ས་ཡོངས་རྫོགས་བཙན་འཛུལ་བྱས་ཏེ་༸གོང་ས་མཆོག་གིས་དབུས་བོད་མི་མང་དག་ཅིག་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་རྗེས་ཕྱི་ལོ་ ༡༩༦༠ ལོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་དར་འཕེལ་གཏོང་འགོ་བཙུགས་ཏེ་ད་ཆ་འཐུས་སྒོ་ཚང་བའི་མང་གཙོའི་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
སྐབས་དེར་གསར་འགོད་པ་ཞིག་གིས་རྒྱ་ནག་གཞུང་ཕྱོགས་དང་བཙན་བྱོལ་གཞུང་དབར་བོད་ཀྱི་ཆེས་མཐོའི་རང་སྐྱོང་གི་གནས་བབས་ཐད་བསམ་ཚུལ་འཛིན་ཕྱོགས་སྐོར་ལ་གྲོས་མོལ་བྱུང་ཡོད་མེད་ཀྱི་དྲི་བར་བཀའ་ཁྲི་མཆོག་གིས་ལན་འདེབས་གནང་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གཞུང་གི་དཔོན་རིགས་དབར་ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་འབྲེལ་མོལ་ཐེངས་དགུ་ཙམ་བྱུང་ཡོད། ཅེས་དང་། ཡང་གསར་འགོད་པ་ཞིག་གིས་རྒྱ་ནག་གཞུང་ཕྱོགས་ནས་དོན་དང་ལྡན་པའི་རང་སྐྱོང་གི་ཐོབ་ཐང་ཞེས་པ་དེ་གང་འདྲ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་དམ་ཞེས་པའི་དྲི་བར། བཀའ་ཁྲི་མཆོག་གིས་ལན་འདེབས་གནང་དོན། ང་ཚོའི་ངོས་ནས་རྒྱ་ནག་གཞུང་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་དང་མཐུན་པའི་དོན་ཚན་དྲུག་ཅན་གྱི་གསལ་བཤད་ཅིག་ཡིག་ཐོག་ཏུ་རྒྱ་ནག་གཞུང་ཕྱོགས་ལ་ཕུལ་ཡོད། འོན་ཀྱང་རྒྱ་ནག་གཞུང་ནས་དེའི་ནང་དོན་བོད་རང་བཙན་གྱི་བསམ་ཚུལ་གཅིག་མཚུངས་ཡོད་ལུགས་བརྗོད་དེ་ད་བར་དེའི་ཐོག་བཟང་ཕྱོགས་ཀྱི་ལན་འདེབས་གང་ཡང་བྱས་མེད། རྒྱ་ནག་གཞུང་ནས་ཧོང་ཀོང་དང་མ་ཁོར་གཉིས་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད། ཐེན་ཝན་དུའང་སྲིད་བྱུས་དེ་ལྟར་འཛིན་རྒྱུའི་འདོད་ཚུལ་ཤུགས་ཆེ་འདོན་བཞིན་ཡོད། འོན་ཀྱང་བོད་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་དེ་རིགས་འཛིན་རྒྱུའི་འདོད་པ་བྱེད་ཀྱི་མེད། རྒྱ་ནག་གཞུང་གིས་ཧོང་ཀོང་དང་མ་ཁོར་གཉིས་ལ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཐེན་ཝན་དུའང་སྲིད་བྱུས་དེ་ལྟར་འཛིན་རྒྱུའི་འདོད་ཚུལ་ཤུགས་ཆེ་འཛིན་བཞིན་ཡོད། འོན་ཀྱང་བོད་ལ་ག་རེ་བྱས་ནས་སྲིད་བྱུས་དེ་ལྟར་ལག་བསྟར་བྱེད་འདོད་མེད་པ་རེད་དམ། དེ་ནི་རྒྱ་ནག་གཞུང་ཕྱོགས་ཀྱི་གཞི་རྩའི་རྩ་ཁྲིམས་དང་འགལ་བའི་དཀའ་རྙོག་གང་ཡང་མིན། རྒྱ་ནག་གཞུང་གི་གཞི་རྩའི་རྩ་ཁྲིམས་ཀྱི་དོན་ཚན་སུམ་ཅུ་སོ་གཅིག་སོ་སོར་དང་། དེ་བཞིན་རྒྱ་ནག་གཞུང་ནས་ཕྱི་ལོ་ ༡༩༨༤ ལོར་གཏན་འབེབས་བྱས་པའི་རྒྱ་ནག་གི་གྲངས་ཉུང་མི་རིགས་ཀྱི་སྲིད་བྱུས་དོན་ཚན་བཅུ་གཉིས་པའི་ནང་རང་སྐྱོང་གི་ཐོབ་ཐང་ཆ་ཚང་ཡོད་པ་ཁ་གསལ་བཀོད་ཡོད། བོད་མིར་ཆེས་མཐོའི་རང་སྐྱོང་གི་ཐོབ་ཐང་མི་སྤྲོད་པའི་ཐོག་ནས་བོད་མིར་ཡིད་ཆེས་བྱེད་ཀྱི་མེད་པའི་རྣམ་པ་ཞིག་ཡིན་པར་ངོས་འཛིན་དགོས་པ་ཞིག་ཆགས་ཀྱི་ཡོད། གོང་ཞུས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་སྲིད་བྱུས་ལག་བསྟར་བྱེད་སའི་ཁུལ་ཚང་མ་རྒྱ་མི་རིགས་ཀྱི་ས་ཁུལ་ཡིན་པར་བརྟེན། རྒྱ་མི་རིགས་ལ་ཡིད་ཆེས་བྱས་པ་ལས་བོད་མི་ཚོར་ཡིད་ཆེས་བྱེད་ཀྱི་མེད་པའི་ངོས་འཛིན་བྱ་རྒྱུ་མ་གཏོགས་དེ་མིན་དེ་ནི་རྩ་ཁྲིམས་དང་བཅའ་ཁྲིམས་གང་ཐད་ནས་རྒྱབ་འགལ་འགྲོ་གི་མེད། ཅེས་ལན་འདེབས་གནང་ཡོད་པ་བཅས། །
བཀའ་ཁྲི་མཆོག་གིས་ཨོ་སི་ཊོ་ལི་ཡའི་རྒྱལ་ཡོངས་གསར་འགོད་ལྷན་ཚོགས་སུ་བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་གསར་འགོད་པའི་དྲི་བར་ལན་འདེབས་གནང་བ།
གསར་གནས།
འབྲེལ་གནས།