༢༠༡༢ ཟླ་ ༦ ཚེས་ ༡༤ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་གོ་སྒྲིག་ཐོག་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ དབུ་འབྱེད་མཛད་སྒོར་ནང་སྲིད་བཀའ་བློན་མཆོག་གིས་གསུང་བཤད་གནང་དོན། དེ་རིང་འདི་གར་ཕེབས་པའི་ས་གནས་འགོ་འཛིན་དང་འབྲེལ་མཐུད་རྣམ་པ་ཚང་མར་ངས་ནང་སྲིད་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་བཏང་ལས་དོན་གང་ཞིག་ཡིན་རུང་མི་གཅིག་གིས་ནུས་པ་ཁོ་ནར་བརྟེན་ནས་སྒྲུབ་ཐབས་མེད། ལྷག་པར་ནང་སྲིད་ལས་ཁུངས་ཀྱི་ལས་ཀ་འདི་བཞིན་དངོས་སུ་ས་གནས་སུ་ཕྱག་ལས་གནང་མཁན་ས་གནས་འགོ་འཛིན་རྣམ་པར་རག་ལས་ཀྱི་ཡོད་པར་བརྟེན། ངས་དེ་རིང་སླར་ཡང་རེ་འདུན་ཞུ་རྒྱུར། ལས་དོན་གང་ཞིག་ཡིན་རུང་རྣམ་པ་ཚོས་ཕྱར་གྲུ་མཉམ་འདེགས་གནང་རོགས་ཞུ་རྒྱུ་ཡིན། སྤྱིར་བཏང་བོད་མི་མི་རེ་ངོ་རེས་འགན་ཁུར་དགོས་ཀྱི་ཡོད་པ་མ་ཟད། ལྷག་པར་འགན་ཡོད་མཁན་ཚོས་ནུས་པ་མཉམ་སྤུངས་བྱེད་རྒྱུའི་དུས་ལ་སླེབས་ཡོད། ནང་སྲིད་ལས་ཁུངས་ཀྱི་ལས་དོན་དེ་དག་བསྒྱུར་བ་བཏང་ཆོག་ཆོག་ཅིག་རྩ་བ་ནས་རེད་མི་འདུག ལས་ཀ་ཁག་གཅིག་ལོ་མང་པོའི་གོང་ནས་གལ་ཆེན་པོ་བརྩིས་ཏེ་རྒྱུན་མཐུད་བྱས་དང་བྱེད་མུས་ཡིན་པ་དེ་དག་ལ་གནང་ཕྱོགས་ཐོག་ནས་གསར་བཏོད་ག་རེ་གནང་དགོས་མིན་ལྟ་དགོས་པ་དེ་འདྲ་འདུག རྒྱ་གར་འདི་ཁྲིམས་ཀྱི་དབང་བསྒྱུར་འོག་གནས་ཡོད་པའི་རྒྱལ་ཁབ་ཅིག་ཆགས་ཀྱི་ཡོད། དེར་བརྟེན་ང་ཚོའི་ལག་པར་ཁྲིམས་མཐུན་གྱི་ཡིག་ཆ་དགོས་རྒྱུ་ཧ་ཅང་གལ་འགངས་ཆེན་པོ་ཆགས་ཀྱི་འདུག ཐོག་མར་གཞིས་ཆགས་འགོ་འཛུགས་སྐབས་ཀྱི་ཡིག་ཆའི་གནས་སྟངས་སོགས་ཚང་མ་གཅིག་གྱུར་བྱུང་མི་འདུག གང་ལ་ཞེ་ན། བོད་མིར་སྐྱབས་བཅོལ་གནང་རྒྱུ་དེ་རྒྱ་གར་གཞུང་གིས་ཐག་གཅོད་གནང་བ་ཞིག་རེད། ས་ཆ་མངའ་སྡེའི་གཞུང་སོ་སོ་ནས་གནང་ཡོད་པར་བརྟེན་ཡིག་ཆ་མི་འདྲ་བ་ཆགས་ཡོད། ལྷག་པར་སོ་ནམ་གཞིས་ཆགས་ཁག་ལ་ཆ་མཚོན་ན། སོ་ནམ་གྱི་ཞིང་ལས་བྱེད་སའི་ས་ཆ་དེ་དག་ང་ཚོས་བེད་སྤྱོད་མ་བཏང་བར་སྟོང་པར་ལུས་ན། ཉེ་འཁྲིས་སུ་ཡོད་པའི་རྒྱ་གར་གྱི་ཡུལ་མི་ས་ཆ་མེད་མཁན་རྣམས་ནས་ས་སྟོང་དེ་དག་མཐོང་ཡོད་སྐབས། ཁོང་ཚོར་དགོས་པའི་བསམ་ཚུལ་ཡོང་མི་སྲིད་པ་མིན། དེ་དག་གི་ཐོག་ང་ཚོ་ཚང་མས་འགན་ཁུར་ཆེ་ཙམ་ལེན་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག དེ་བཞིན་རྒྱ་གར་གཞུང་ནས་ཐུགས་འཁུར་ཆེ་བཞེས་ཐོག་ང་ཚོར་ས་ཆ་གནང་བ་རྣམས་ང་ཚོ་བོད་དུ་ཕྱིར་ལོག་བྱེད་པའི་ཉིན་མོར། ས་ཆ་རྣམས་རྒྱ་གར་གཞུང་ལ་རྩིས་འབུལ་ཞུ་རྒྱུ་ནང་སྲིད་ལྷན་ཁང་ནས་ལས་འགན་ཆེན་པོ་ཞིག་ངོས་འཛིན་བྱེད་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས། །
ནང་སྲིད་བཀའ་བློན་མཆོག་གིས་ས་གནས་འགོ་འཛིན་དང་འབྲེལ་མཐུད་པ་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༨ པའི་ཐོག་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།