༢༠༡༢ ཟླ་ ༦ ཚེས་ ༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༥ ཉིན་ཆོས་རིག་བཀའ་བློན་མཆོག་གིས་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་འབྲི་གུང་བཀའ་བརྒྱུད་དགོན་པའི་ནང་༸གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམས་གཉིས་ཀྱིས་སྐུ་ཚབ་ཀྱི་ལས་འགན་ནས་དགོངས་ཞུ་གནང་དགོས་དོན་སྐོར་དགེ་བཙུན་རྣམས་ལ་གསལ་བཤད་གནང་འདུག
དེ་ཡང་གསར་འགྱུར་བརྒྱུད་ལམ་ཁག་ནང་གནས་ཚུལ་ཐོན་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་སྦེལ་ཀོབ་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་འབྲི་གུང་བཀའ་བརྒྱུད་དགོན་པའི་ནང་གྲྭ་ཚང་དེ་དང་ཀརྨ་བཀའ་བརྒྱུད་དགོན། རྙིང་དགོན་ཨོ་རྒྱན་གསང་སྔགས་དགོན་པ་བཅས་ཀྱི་མཁན་བླ་དགེ་འདུན་འདུ་དམངས་རྣམས་ལ་གནད་དོན་དེའི་སྐོར་གསུང་བཤད་གནང་དོན། འདི་གར་ཕེབས་པའི་མཁན་བླ་དགེ་འདུན་རྣམ་པར་ངས་ཆོས་རིག་ལས་ཁུངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་བར་ལམ་འགྱུར་བ་ཞིག་ག་རེ་ཕྱིན་པ་རེད་དམ་ཞེ་ན། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་མཆོག་དང་ཁོང་གི་ཕྱག་རོགས་སྐུ་ཚབ་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་བོད་རྒྱ་ཞི་མོལ་གྱི་ལས་འགན་ནས་དགོངས་པ་ཞུས་པ་ལྟར། བཀའ་ཤག་ནས་དགོངས་པ་གནང་ཡོད། གནད་དོན་དེའི་ཐོག་མི་མང་སྤྱི་དང་ལྷག་པར་དགེ་འདུན་པ་རྣམས་ལ་གསལ་བཤད་མ་ཞུས་ན། མི་མང་སོགས་ནས་བཀའ་ཤག་གསར་པའི་ལངས་ཕྱོགས་གང་འདྲ་ཞིག་ཐོག་འགྲོ་གི་ཡོད་དམ་སྙམ་པ་དེ་འདྲ་ཡོང་སྲིད། དེར་བརྟེན་བཀའ་ཤག་གིས་གལ་པོ་ཆེ་ལ་ནན་ཏན་ཐོག་ནས་བརྗོད་རྒྱུར། བཙན་བྱོལ་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་ལངས་ཕྱོགས་ལ་འགྱུར་བ་རྩ་བ་ནས་མེད། ལམ་དབུ་མ་དང་འཚེ་མེད་ཞི་བའི་ལྟ་གྲུབ་ཐོག་ནས་མུ་མཐུད་དེ་ཕྱག་ལས་གནང་རྒྱུར་འགྱུར་བ་གང་ཡང་མེད། རྒྱ་ནག་གཞུང་དང་བཀའ་མོལ་གནང་མཁན་དམིགས་བསལ་སྐུ་ཚབ་རྣམ་པ་གཉིས་བསྐོ་གཞག་གནང་སྟེ་རྒྱ་ནག་གཞུང་དང་འབྲེལ་མོལ་ཆེད་ཐེངས་དགུ་ཕེབས་ཡོད། དེ་བཞིན་བཙན་བྱོལ་སྒྲིག་འཛུགས་ཀྱི་བཅའ་ཁྲིམས་ལ་བསྐྱར་བཅོས་བྱས་ནས་མི་མང་གིས་འོས་འདེམས་ཐོག་སླེབས་པའི་འགོ་ཁྲིད་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་གསོལ་རས་སྩལ་ནས་ཟླ་བ་བརྒྱད་དང་ཕྱེད་ཀ་ཙམ་ཞིག་ཕྱིན་ཡོད། ད་ལྟ་བར་དུ་ཕྱག་ལས་གནང་བ་དེ་དག་འཐུས་ཤོར་ཕྱིན་པ་དང་གྲ་མི་འགྲིག་པ་དེ་འདྲ་གང་ཡང་བྱུང་མེད་པར་བརྟེན། ༸གོང་ས་མཆོག་གིས་མགོན་པོ་གང་ཉིད་ཐུགས་བློ་བདེ་པོ་དང་སྤྲོ་པོ་ཡོང་བཞིན་ཡོད་སྐོར་བཀའ་སློབ་ཕེབས་ཡོད། ཅེས་གསུང་བཤད་གནང་ཡོད་པ་བཅས། །
ཆོས་རིག་བཀའ་བློན་མཆོག་གིས་སྐུ་ཚབ་རྣམ་གཉིས་ནས་དགོངས་ཞུ་གནང་བའི་ཐོག་གསལ་བཤད་གནང་བ།
གསར་གནས།
འབྲེལ་གནས།