༢༠༡༢ ཟླ་ ༦ ཚེས་ ༡༥ རེས་གཟའ་པ་སངས།
༄༅། །འདི་གར་ཆོས་རིག་ལས་ཁུངས་ནས་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༤ སྔ་དྲོ་ཆུ་ཚོད་ ༨།༤༥ ཙམ་ལ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཀོ་རི་ཡ་རྒྱལ་ས་སིའོ་ཡོལ་ (Seoul) ནས་ཞལ་དཔར་བརྒྱུད་འབྲེལ་ཡོད་ཆོས་རིག་ལས་ཁུངས་སུ་གསུང་དོན་ལྟར་ན།
ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡༢ ཉིན་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ཐེངས་ ༢༦ ཐོག་རྒྱལ་ཁབ་ཁག་ ༤༩ ནས་ཚོགས་མི་གྲངས་ ༡༠༠༠ ལྷག་འབྱོར་ཡོད་པའི་ཁོངས་རྒྱ་མིའི་སྐུ་ཚབ་གྲངས་ ༡༧ ཚོགས་འདུའི་དབུ་འབྱེད་མཛད་སྒོར་སླེབས་སྐབས། རྒྱ་མིའི་སྐུ་ཚབ་ཀྱིས་ཚོགས་འདུའི་གོ་སྒྲིག་པ་འཛམ་གླིང་ནང་པའི་རྒྱལ་སྤྱིའི་ཆོས་ཚོགས་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་མཆོག་ལྷན་ཚོགས་ནས་ཕྱིར་འབུད་བྱེད་དགོས་པའི་དགོས་འདུན་བཏོན་པར་གོ་སྒྲིག་ཚོགས་ཆུང་གིས་བཀའ་བློན་མཆོག་ལ་ཁྱུག་ཙམ་རིང་ལྷན་ཚོགས་ནས་ཕྱིར་འཐོན་གནང་རོགས་ཞེས་འབོད་སྐུལ་ཞུས་པར་བརྟེན།
ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་ཁོང་རང་ཉིད་འཛམ་གླིང་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ནས་མགྲོན་འབོད་ལྟར་ཚོགས་བཅར་ཞུས་པ་ཞིག་ཡིན་པ་མ་ཟད། སྤྱིར་ལྷོ་ཀོ་རི་ཡ་དེ་བཞིན་རང་དབང་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པར་བརྟེན། རྒྱ་མིའི་གནོན་ཤུགས་འོག་འགྲོ་དགོས་དོན་མེད་ནའང་ཚོགས་བཅར་བ་ ༡༠༠༠ ལྷག་ཙམ་ཡོད་པ་དེ་རྣམས་ལ་སྐུ་ངལ་མི་འབྱུང་བ་དང་ཚོགས་འདུའི་གོ་སྒྲིག་འགན་འཁུར་བར་དཀའ་ངལ་མི་ཡོང་ཆེད་ཁྱུག་ཙམ་རིང་ཕྱིར་འཐོན་གནང་སྐབས། གསར་འགོད་པ་མང་དག་ཅིག་གིས་ཆུ་ཚོད་ ༡ ཙམ་རིང་བཀའ་བློན་མཆོག་དང་དྲི་བ་དྲིས་ལན་གནང་འདུག ཉིན་གུང་གསོལ་ཚིགས་རྗེས་བཀའ་བློན་མཆོག་གིས་སླར་ཡང་ཚོགས་འདུར་ཕེབས་ཞུགས་གནང་འཕྲལ་རྒྱ་མིའི་སྐུ་ཚབ་རྣམས་ཀྱིས་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་ལྷན་ཚོགས་ནས་འཕྲལ་མར་ཕྱིར་ཐོན་བྱས་འདུག ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་ཀོ་རི་ཡའི་སྲིད་བློན་དང་ཕྱི་སྲིད་བློན་ཆེན། ཆོས་རིག་བློན་ཆེན། དེ་བཞིན་གནད་ཡོད་བླ་ཆེན་ཁག་གིས་གསུང་བཤད་གནང་རྗེས་རིག་གཞུང་གི་གཞས་སྣ་འཁྲབ་སྟོན་ཞུས་འདུག
ཡང་ཕྱི་ཚེས་ ༡༣ སྔ་དྲོ་རྒྱ་མིའི་སྐུ་ཚབ་རྣམས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་ཨ་རིའི་མི་སེར་གྱི་ཕྱག་འཁྱེར་ཡོད་རུང་དོན་དུ་ཆོས་རིག་ལས་ཁུངས་ཀྱི་བཀའ་བློན་ཡིན་པའི་འགྲེལ་བརྗོད་དང་དཔང་རྟགས་ཡིག་རིགས་སོགས་གང་ཐུབ་བསྟན་འདུག་ཀྱང་དེར་ཉན་འཇོག་ཆ་འཛིན་གནང་མཁན་སུ་ཡང་འབྱུང་མི་འདུག ཕྱོགས་མཚུངས་ལྷན་ཚོགས་ནང་མཉམ་ཞུགས་གནང་མཁན་རྒྱ་གར་ཨ་རུ་ནཱ་ཅལ་མངའ་སྡེ་ནས་ཡིན་པ་མཚོ་སྣ་རིན་པོ་ཆེ་མཆོག་ལའང་རྒྱ་མིའི་སྐུ་ཚབ་ཚོས་རྙོག་གླེང་བྱས་ཀྱང་མཚོ་སྣ་རིན་པོ་ཆེ་མཆོག་གིས་ཁོང་རང་ཉིད་རྒྱ་གར་གྱི་མི་སེར་ཡིན་ལུགས་གསལ་བཤད་གནང་ཡོད། ལྷག་པར་སུ་ཝི་ཌེན་(Sweden)་གྱི་སྐུ་ཚབ་གཅིག་ནས་རྒྱ་མིའི་སྐུ་ཚབ་ཚོར་མི་འདོད་པའི་གཏམ་བཤད་དང་རྣམ་འགྱུར་ཡང་བསྟན་འདུག
རྒྱ་མིའི་སྐུ་ཚབ་ཚོས་རྙོག་གྲ་ཤོད་རིང་ཆོས་རིག་བཀའ་བློན་མཆོག་གིས་སྒོ་གསུམ་གྱི་ཀུན་སྤྱོད་ཚུལ་ལྡན་ཐོག་བཟོད་བསྲན་གྱི་རྣམ་འགྱུར་ཧ་ཅང་ཡག་པོ་བསྟན་སོང་ཞེས་ཚོགས་བཅར་བ་གཞན་ཚོས་བསྔགས་བརྗོད་ཞུས་ཡོད་པ་མ་ཟད། གོ་སྒྲིག་ཚོགས་ཆུང་ནས་ཀྱང་ཆོས་རིག་བཀའ་བློན་མཆོག་གིས་སྐབས་དེར་བཟོད་བསྲན་ཆེན་པོ་གནང་བར་བསྔགས་བརྗོད་གནང་བ་ཙམ་མིན་པར། ཆོས་རིག་བཀའ་བློན་མཆོག་ལྷན་ཚོགས་སུ་བཅར་སྐབས་ལམ་གྲོན་གནམ་གྲུའི་གླ་ཆ་དང་ཚོགས་དོད་བཅས་ཆག་ཡང་གཏོང་རྒྱུའི་ཁས་ལེན་ཡང་གནང་འདུག་པ་བཅས།།