༢༠༡༢ ཟླ་ ༦ ཚེས་ ༦ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༥ ཉིན་རྡ་སྟེང་བོད་ཁྱིམ་ཐང་ཆེན་དུ་ཕྱི་ལོ་ ༢༠༡༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྐང་རྩེད་པོ་ལོའི་འགྲན་བསྡུར་ཐེངས་ ༡༨ པའི་མཐའ་མའི་འགྲན་བསྡུར་དེ་བལ་ཡུལ་སྤོག་ར་བཀྲ་ཤིས་དཔལ་འཁྱིལ་རུ་ཁག་དང་ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་གཉིས་དབར་རྩེད་འགྲན་གྱིས་མཇུག་སྒྲིལ་གནང་ཡོད།
དེ་ཉིན་ཕྱེད་ཡོལ་ཆུ་ཚོད་ ༣།༣༠ ཐོག་སྐུ་མགྲོན་གཙོ་བོ་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག འཕྲོད་བསྟེན་བཀའ་བློན་ཚེ་རིང་དབང་ཕྱུག་མཆོག སྤྱི་འཐུས་རྒྱུན་ལས་རྣམ་པ། རྒྱ་གར་སྐུ་མགྲོན་ཁག་གཅིག ཡབ་གཞིས་སྐུ་འཁོར་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ།
གཞན་ཡང་ཕྱོགས་མཐའ་ཁག་ནས་ཕེབས་པའི་རྩེད་འགྲན་པ་དང་མི་མང་བཅས་ཁྱོན་མི་གྲངས་སྟོང་ཚོ་མང་པོ་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཀྱིས་བོད་མི་རིགས་དང་རྒྱལ་ཁབ་དོན་དུ་རང་སྲོག་བློས་གཏོང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ད་ལྟ་རྒྱ་ནག་གིས་བཙོན་འཇུག་འོག་དཀའ་སྡུག་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས་བོད་ཁྱིམ་སློབ་ཕྲུག་གིས་འགོ་ཁྲིད་ནས་བདེན་ཚིག་སྨོན་ལམ་གསུང་འདོན་གནང་རྗེས་བཀའ་ཁྲི་མཆོག་གི་གསུང་བཤད་གནང་དོན།
རྩེད་འགྲན་པ་ཡོངས་ལ་བཀའ་ཤག་སྐབས་བཅུ་བཞི་པའི་ངོས་ནས་འཚམས་འདྲི་ཞུ་གི་ཡོད། རྩེད་མོ་ནི་ཆིག་སྒྲིལ་དང་མཐུན་ལམ་ཙམ་མ་ཟད། འཕྲོད་བསྟེན་ལ་གལ་ཆེ་ཡིན་པས་ང་ཚོ་བོད་པའི་ནང་སྤྱི་ཚོགས་དབུལ་ཕྱུག་གཉིས་ཀའི་ན་ཚ་ཡོད་པས་མི་གཅིག་གློ་ནད་འགོས་པར་སྨན་གྲོན་ཧ་ཅང་ཆེན་པོ་ཡིན་སྟབས་དུས་རྟག་ཏུ་རྩེད་རིགས་ལ་དོ་སྣང་གི་འཕྲོད་བསྟེན་གང་ལེགས་དང་། ལྷག་པར་དེང་ང་ཚོའི་སློབ་གྲྭ་ཁག་ཏུ་ཐ་མག་རིགས་དང་ཆང་རག་གང་ཙམ་དར་གྱི་ཡོད་པ་གོ་ཐོས་འདུག་པས། འཕྲོད་བསྟེན་ཆེད་རྩེད་མོར་དོ་སྣང་གནང་རོགས་ཞུ་རྒྱུ་དང་རྩེད་མོ་བ་ཚོའི་ངོས་ནས་སློབ་གྲྭ་ཁག་ཏུ་འཕྲོད་བསྟེན་གལ་ཆེ་ཡིན་སྐོར་གསུང་ཐུབ་ན་ཡག་པོ་འདུག ཅེས་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་ལ་མཐའ་མའི་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་རྣམས་ངོ་སྤྲོད་ཞུས་རྗེས་འགྲན་བསྡུར་དབུ་འཛུགས་ཀྱི་རིམ་པས་རྩེད་འགྲེན་གནང་རྗེས་ཨོ་རི་ས་ཕུན་ཚོགས་གླིང་རུ་ཁག་ལ་མཐའ་མའི་རྒྱལ་ཁ་ཐོབ་སྟེ་ཕྱི་ལོ་ ༢༠༡༢ ལོའི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྟགས་མ་དེ་བཞིན་བཀའ་ཁྲི་མཆོག་གིས་ཨོ་རི་སའི་རུ་ཁག་གི་རྩེད་འགྲན་པ་རྣམས་ལ་གནང་ཡོད།
དེ་རྗེས་བཀའ་ཁྲི་མཆོག་གིས་ཐེངས་འདིའི་རྩེད་འགྲན་ནང་པོ་ལོ་མང་ཤོས་བླུགས་མཁན་སྤོག་ར་རུ་ཁག་ནོར་བུ་རྡོ་རྗེ་ལགས་དང་ཨོ་རི་ས་ཕུན་ཚོགས་གླིང་གི་བྱང་ཆུབ་རྒྱལ་མཚན་ལགས་གཉིས་ཡིན་པར་བརྟེན་ཁོང་གཉིས་ལ་བྱ་དགའ་བ་དང་། དེ་རྗེས་ཐེངས་འདིར་རྒྱལ་ཁབ་ཐོབ་མཁན་ཨོ་རི་སའི་རུ་ཁག་ལ་ལོ་འདིའི་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པའི་རྟགས་མ་གནང་སྟེ་རྐང་རྩེད་པོ་ལོའི་འགྲན་བསྡུར་ཡོངས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ་ཡོད་། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པ་ནི་ཕྱི་ལོ་ ༡༩༨༡ ལོར་ཐོག་མར་བཙུགས་པ་དང་འགན་འཛིན་ལྷན་ཚོགས་སུ་ཤེས་རིག་དྲུང་ཆེ་ལས་ཐོག་པའི་དབུས་བོད་ཁྱིམ་གཉིས་དང་གཞོན་ནུ། བུད་མེད་ལྷན་ཚོགས་ཀྱིས་གཙོས་གནད་ཡོད་མི་སྣ་བརྒྱད་ལས་གྲུབ་པ་དང་། ཐེངས་འདིར་རྒྱ་གར་དང་བལ་ཡུལ་བཅས་ས་གནས་ཁག་ ༡༣ ནས་རྩེད་འགྲན་པ་གཞོན་སྐྱེས་མི་གྲངས་ ༢༦༤ ཙམ་མཉམ་ཞུགས་གནང་འདུག་པ་བཅས།།