༢༠༡༢ ཟླ་ ༦ ཚེས་ ༥ རེས་གཟའ་མིག་དམར།
༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྡ་སྟེང་བོད་ཁྱིམ་ཚོགས་ཁང་དུ་མཐོ་སློབ་ཁག་གི་བོད་རིགས་སློབ་ཕྲུག་གཙོ་བོར་གྱུར་པའི་གཞོན་སྐྱེས་དོན་གཉེར་ཅན་རྣམས་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྐྱེ་བོ་གསོ་ཐིགས་དང་རྗེ་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་ནང་ཆོས་ངོ་སྤྲོད་ཕྱི་ལོ་ ༢༠༡༢ ཟླ་ ༦ ཚེས་ ༡ ནས་དབུ་འཛུགས་ཀྱིས་ཚེས་ ༣ ཉིན་མཇུག་སྒྲིལ་མཛད་གྲུབ་མཚམས་བོད་པའི་དགེ་བཙུན་ ༢༨ ལ་ཚན་རིག་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་གསོལ་རས་སྩལ་ཏེ་བཀའ་སློབ་ཕེབས་དོན། དེ་རིང་འདིར་ཕལ་ཆེར་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད། ནང་པའི་ཆོས་སློབ་གཉེར་བས་དེང་སང་གི་ཚན་རིག་སློབ་སྦྱོང་བྱེད་རྒྱུ་ཞིག་བྱུང་བ་དེ་ནི་ཉིན་གཅིག་གཉིས་ཤིག་བགྲོ་གླེང་བྱས་ནས་བཤད་པ་གཅིག་པུ་མ་ཡིན་པར། ཟླ་བ་དང་ལོ་སྦྲེལ་ནས་སློབ་སྦྱོང་བྱས་ཏེ་ཐོན་ནས་དེ་རིང་འདིར་ལག་འཁྱེར་སྤྲོད་རྒྱུ་དེ་ཕལ་ཆེར་བོད་ཀྱི་ལོ་རྒྱུས་ནང་ཐེངས་དང་པོ་ཆགས་ཡོད་པ་ཙམ་དུ་མ་ཟད། འཛམ་གླིང་འདིའི་སྟེང་གི་ནང་པའི་ཡུལ་གྲུ་མང་དག་ཅིག་ཡོད། དེ་ལྟ་བུའི་སློབ་སྦྱོང་བྱས་ཏེ་ཧ་ལམ་ཐོན་ཡོང་མཁན་དང་པོ་རེད། གཙོ་ཆེ་འཛམ་གླིང་འདིའི་ནང་མི་དུང་ཕྱུར་བདུན་ཅུ་ཙམ་ཞིག་ཡོད་པ་དེའི་ནང་གང་ལྟར་སེམས་ཀྱི་དཀའ་ངལ་ཡོད་པ་ཞིག་ཧ་ཅང་གསལ་པོ་རེད། དེ་རིང་ཁ་སང་སེམས་ཀྱི་དཀའ་ངལ་སེམས་ལ་སྦྱོང་བརྡར་སྤྲད་པའི་ཐོག་ནས་སེལ་རྒྱུའི་ངོ་སྤྲོད་དམ་ལམ་སྟོན་ཞིག་ཚན་རིག་གི་ནང་ནས་ཡོང་བཞིན་འདུག དེར་བརྟེན་ཕལ་ཆེར་དུས་རབས་ཉེར་གཅིག་པའི་འགོ་མའི་སྐབས་ལ་རེད། ད་ལྟ་ང་ཚོས་འབད་བརྩོན་བྱེད་བཞིན་པའི་དུས་རབས་ཉེར་གཅིག་པ་འདིའི་ནང་ཕལ་ཆེར་གང་ལ་གང་ཙམ་གྱིས་འབྱུང་འགྱུར་མི་དུང་ཕྱུར་བདུན་ཅུ་དང་བརྒྱད་ཅུ། དགུ་བཅུའི་ནང་ཙམ་ལ་ལམ་སྟོན་གསར་པ་ཞིག་ཡོང་ཐུབ་རྒྱུའི་རེ་བ་ཡོད། དེ་ནི་ཆེ་ས་ནས་བཤད་པ་ཡིན།
རིམ་པ་གཉིས་པ་བཤད་ན། ནང་པ་སངས་རྒྱས་པའི་ཆོས་ནང་ལ་གཞི་དངོས་པོའི་གནས་ཚུལ་གཞིའི་རྣམ་གཞག་ཤེས་དགོས་ཀྱི་ཡོད། གང་ལ་ཞེ་ན། འབྲས་བུ་རྣམ་གཞག་དེ་དག་འབྲས་བུ་དེ་དང་རྗེས་སུ་མཐུན་པའི་སྒོ་ནས་འགྲོ་དགོས་ཀྱི་ཡོད། དེ་ལྟ་བུའི་རྒྱུ་ཚོགས་དེ་གཞི་ལ་ང་ཚོར་རང་ཆས་སུ་ཡོད་པའི་ཆོས་ཤིག་སྦྱོང་བརྡར་བྱས་ནས་ལམ་གྱི་ངོ་བོར་བསྐྱེད་རྒྱུ་དང་། དེ་དང་རྗེས་སུ་མཐུན་པའི་འབྲས་བུ་མངོན་དུ་བྱ་རྒྱུ་ཞིག་ཤོད་ཀྱི་ཡོད། སངས་རྒྱས་ཀྱི་ཆོས་ནང་སེམས་ཀྱི་སྐོར་ལ་འགྲེལ་བཤད་མང་དག་ཅིག་ཡོང་བཞིན་ཡོད། དེ་རིང་ཁ་སང་དུས་རབས་གསར་པའི་ཚན་རིག་གི་ཉམས་ཞིབ་བྱ་རྒྱུའི་ནང་ད་ལྟ་ཕན་ཆད་ཕྱི་དངོས་པོ་ཁོ་ན་རྩད་ཞིབ་བྱས་པ་ལྟ༌བུ་རེད། དུས་རབས་ཉི་ཤུ་པའི་སྨད་ཆ་ནས་བཟུང་དུས་རབས་ཉེར་གཅིག་པའི་འགོ་མའི་ནང་ཀླད་པའི་ཚན་རིག་པ་སོགས་ཀྱིས་གཞི་ནས་སེམས་ཀྱི་ཞི་བདེ་ཞེས་པ་གལ་ཆེན་པོ་ཡིན་པ་མཐོང་གི་ཡོད། སེམས་ཀྱི་ཞི་བདེ་བསྐྲུན་རྒྱུར་ཁབ་བརྒྱབ་པ་དང་སྨྱོས་རྫས་བཟས་ནས་ཡོང་ཐབས་མེད། མི་མང་དག་ཅིག་སྨྱོས་རྫས་ཟ་མཁན་འདུག བོད་པའི་ཕྲུ་གུའི་ནང་ལ་ཡང་ཁ་ཤས་ནས་སྨྱོས་རྫས་ཟ་ཡི་མེད་དམ། བོད་པའི་ནང་ཁག་མེད་སེམས་མ་སྐྱིད་པ་བྱས་ཏེ་སེམས་མ་སྐྱིད་པ་ཡོད་པ་དེ་བསམ་བློའི་ཐོག་ནས་སེམས་སྐྱིད་པ་བཟོ་དགོས་པ་དེ་མ་ཤེས་པ་རེད། ཡང་ན་དངུལ་འབེལ་པོ་བྱས་ཏེ་ཆང་བཏུང་བ་དང་ཐ་མག་འཐེན་ཏེ་ཤོ་སྦག་བརྒྱབ་སྟེ་སྤྲང་འཁྱམ་བརྒྱབ་ནས་སེམས་པ་སྐྱིད་པོ་བཟོ་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད། སེམས་རྣམ་གཡེང་གི་གཞན་དབང་དུ་བཏང་ནས་གནས་སྐབས་ཤིག་སྡུག་བསྔལ་དྲན་རྒྱུ་དེ་ཕྲན་བུ་ཤུགས་ཆུང་དུ་བཏང་བ་རེད་མ་གཏོགས་སྡུག་བསྔལ་སེལ་རྒྱུར་ཕན་ཐོགས་མེད། ལུས་པོའི་སྡུག་བསྔལ་སེལ་རྒྱུ་དངོས་པོའི་མཐུན་འགྱུར་ཐོག་ནས་འགྲོ་དགོས་ཀྱང་སེམས་ཀྱི་སྡུག་བསྔལ་སེལ་རྒྱུ་སེམས་སྟེང་ནས་ཡོང་དགོས་པ་ཞིག་རེད་མ་གཏོགས་ཐབས་ཤེས་གཞན་ཞིག་མེད། དེར་བརྟེན་དེ་རིང་ཁ་སང་ཚན་རིག་པས་སེམས་གལ་ཆེན་པོ་ཞིག་ཡིན་པ་མཐོང་སྐབས། སེམས་ཀྱི་གནས་ཚུལ་ཤེས་དགོས་ཀྱི་ཡོད། དེ་ཤེས་པར་འགྲེལ་བཤད་རྒྱག་མཁན་དེ་ག་པར་ཡོད་མེད་ཀྱི་འཚོལ་ཞིབ་བྱེད་ཀྱི་ཡོད། དེ་རིང་ཁ་སང་ནུབ་ཕྱོགས་པའི་ཚན་རིག་པ་མང་དག་ཅིག་གིས་དེར་དོ་སྣང་བྱེད་བཞིན་ཡོད། ཚན་རིག་གི་ཤེས་བྱའི་སྡེ་ཚན་རིམ་བཞིན་རྒྱ་ཆེ་རུ་ཕྱིན་ཏེ་ཕྱི་དངོས་པའི་རྣམ་གཞག་གཅིག་པུ་མིན་པར་ནང་སེམས་ཀྱི་རྣམ་གཞག་ལ་གཞི་ནས་དོ་སྣང་གསར་པ་སླེབས་ཏེ་ཚན་རིག་གིས་ཉམས་ཞིབ་བྱ་རྒྱུ་ཞིག་ཡོང་གི་འདུག དེང་དུས་ཚན་རིག་ཆ་ཚང་བ་ཞིག་ཆགས་ཡོང་གི་འདུག དེའི་ཐོག་ང་ཚོས་ཞབས་འདེགས་གང་ཙམ་སྒྲུབ་ཀྱི་ཡོད། ངོས་ཀྱིས་ནམ་རྒྱུན་ཚན་རིག་གི་ཚོགས་འདུ་གྲ་སྒྲིག་བྱེད་མཁན་ཚོར། ང་ཚོའི་ཚན་རིག་གི་ཚོགས་འདུ་དེ་ནང་པའི་ལུང་པ་ཉི་ཧོང་དང་སིང་གྷ་པུར། རྒྱ་གར་སོགས་ནང་ཚོགས་ཐུབ་ན་ཡག་པོ་འདུག་ཅེས་ཤོད་བཞིན་ཡོད། ནང་པ་སྤྱིའི་མཚན་མཐོང་ལ་ཡང་ཕན་རྒྱུ་ཞིག་འདུག ཞབས་འདེགས་གང་ཙམ་ཞིག་བསྒྲུབས་ཡོད་པ་རེད།
དེ་སྔོན་ཚན་རིག་གི་ཚོགས་འདུ་ཞིག་གི་སྐབས་ལ། ཕལ་ཆེར་ཉི་ཧོང་ནས་ཡིན་པ་ཡོད། ཚན་རིག་པ་ཨ་ཅག་ལགས་ཤིག་གིས་ཚོགས་འདུ་ཉིན་དང་པོ་གཉིས་པར་ཁོང་གིས་བལྟས་ནས་བསྡད་པ་མ་གཏོགས་གཏམ་བཤད་གང་ཡང་བྱས་མ་སོང། ཉིན་མོ་གསུམ་པ་དེར་ཁོང་གིས་སྐད་ཆ་བཤད་དེ་དུས་ད་ལྟ་བར་དུ་ཁོང་རང་གི་བསམ་བློའི་ནང་ང་ཚོ་ཤར་ཕྱོགས་པར་ནུབ་ཕྱོགས་པས་ཞིབ་འཇུག་བྱ་རྒྱུ་ཞིག་མ་གཏོགས་རང་ཉིད་ཀྱིས་ཕར་ཞིབ་འཇུག་བྱ་རྒྱུའི་ཐབས་ལམ་དང་སྤོབས་པ་ཡོད་པ་ཞིག་ངོས་འཛིན་བྱེད་ཀྱི་མེད། རྡ་སར་ཉིན་གཉིས་ཀྱི་ཚན་རིག་གི་ཚོགས་འདུའི་ཉམས་མྱོང་མཐོང་སྐབས། ང་ཚོ་ཤར་ཕྱོགས་པའི་རིག་གཞུང་ནང་ལ་ཡིན་རུང་ཕར་རྩད་ཞིབ་བྱ་རྒྱུའི་ནུས་པ་དང་ཐབས་ལམ་ཡོད་པ་མཐོང་བྱུང་ཞེས་བཤད་སོང་། བོད་ལ་འགྲོ་མཁན་མི་དེ་འདྲས་དེ་སྔ་ང་ཚོ་བོད་པས་འཆམ་བརྒྱབ་པ་དང་གཏོར་མ་འཕེལ་མཁན་དེ་དག་པར་རྒྱག་མཁན་མང་པོ་ཡོང་གི་ཡོད། དེ་དག་གིས་ལྟད་མོའི་འདུ་ཤེས་མ་གཏོགས་གཏོར་རྒྱག་རྒྱག་སྟངས་ལ་བལྟས་ནས་དེ་དག་སྦྱང་མཁན་སུ་གཅིག་མེད། ཚན་རིག་པ་ཚོས་ང་ཚོར་འབྲེལ་བ་བྱ་རྒྱུ་དེ་བོད་པར་ཤ་ཚ་བ་དང་བོད་པའི་ཤེས་ཚད་ཉམས་པ་སོར་ཆུད་མི་ཉམས་གོང་འཕེལ་ཡོང་རྒྱུའི་ཐོག་ལ་རོགས་རམ་བྱས་པ་མ་རེད། བོད་ཀྱི་རིག་གཞུང་ནང་སེམས་ཀྱི་རྣམ་གཞག་མང་དག་ཡོད་པ་དེ་དག་ནས་བླངས་ཏེ་རང་ཉིད་ཀྱིས་མུ་མཐུད་ཉམས་ཞིབ་བྱ་རྒྱུའི་ནང་དེ་ནས་ཉམས་མྱོང་དང་འགྲེལ་བཤད་རྒྱག་རྒྱུ་ཞིག་ཆགས་ཡོད། སྔ་མོ་ཡིན་ན་བོད་པ་ཞེས་བརྗོད་སྐབས་ལྐུགས་པ་ལྟ་བུ་བརྩིས་ཀྱི་ཡོད། ཉེ་ཆར་ངོས་རང་ཨོ་སི་ཊོ་རི་ཡར་ཡོད་སྐབས། རྒྱ་མི་དེར་ཚོང་བརྒྱབ་སྟེ་སྡོད་མཁན་བོད་པའི་གནས་ཚུལ་མ་ཤེས་མཁན་ངོ་རྒོལ་བྱེད་མཁན་ཁ་ཤས་ཤིག་འདུག་ཅེས་བརྗོད་བྱུང་། དེ་བཞིན་ཨ་རིར་སྐབས་ཤིག་བོད་པ་ཞིག་གིས་སྣང་མེད་ཐོག་ནས་རྒྱ་མི་ངོ་རྒོལ་བྱེད་མཁན་ཁྱུ་དང་མཉམ་དུ་འདྲེས་ནས་བསྡད་འདུག རྒྱ་མི་ཞིག་གིས་བོད་པ་དེར་ཁྱེད་རང་ལ་དངུལ་ག་ཚོད་རག་བྱུང་། ང་ཚོར་སྒོར་ ༡༥༠ སྤྲོད་ཀྱི་འདུག་ཅེས་བརྗོད་འདུག ཉེ་དུས་ཨོ་སི་ཊོ་རི་ཡའི་ངོ་རྒོལ་བྱེད་མཁན་རྒྱ་མི་དེ་དག་ལ་ཕྱོགས་གཞན་ཞིག་ནས་གོ་ཐོས་བྱུང་དོན་ལྟར་ན། སྒོར་ ༥༠ དང་རླངས་འཁོར་གྱི་འགྲོ་སོང་ཡོངས་རྫོགས་རྒྱ་མིའི་ས་གནས་ལས་ཁུངས་ནས་བཏང་འདུག དེ་བཞིན་ངོ་རྒོལ་བྱེད་པར་ཡོང་མཁན་ཚོས་དེ་རིང་དགོང་མོ་ང་ཚོ་ཁ་ལག་ཞིམ་པོ་ཞིག་བཟའ་རྒྱུ་ཡོད་ཅེས་བརྗོད་འདུག དེའི་ནང་གི་རྒྱ་མི་གཅིག་གིས་བོད་པ་ཞིག་ལ་བོད་པ་ཞེས་པ་དེ་རྗེས་ལུས་དང་ལྐུགས་པ་རེད། ཆོས་བྱས་ནས་བསྡད་པ་མ་གཏོགས་གང་ཡང་ཤེས་ཀྱི་མ་རེད་ཅེས་བརྗོད་འདུག ང་ཚོ་ཚན་རིག་པ་དང་ལྷན་གྲལ་མཉམ་དུ་བསྒྲིགས་ནས་ང་ཚོས་ཚན་རིག་ལ་དོ་སྣང་བྱས་ཏེ་ང་ཚོ་ཆོས་པ་ལྐུགས་པ་བྱས་ནས་སྡོད་ཀྱི་མེད། དངོས་ཡོད་གནས་ཚུལ་རྩད་གཅོད་བྱས་ནས་འགྲོ་མཁན་གྱི་ཆོས་པ་ཞིག་ཡིན། དངོས་ཡོད་གནས་ཚུལ་ལ་མི་བཙུམས་པ་དང་དད་པ་གཅིག་པུ་བྱས་ནས་འགྲོ་གི་མེད་པ་དེ་ཧ་ཅང་གསལ་པོ་རེད། དེར་བརྟེན་ང་ཚོ་བོད་མི་རིགས་ཀྱི་གཏམ་དོན་ལ་རྒྱ། ཆེ་མཐོང་ལ་ཡང་ཏན་ཏན་ཕན་རྒྱུ་ཞིག་ཡོད།
རྒྱ་ནག་ནང་ཆ་བཞག་ན། དེ་རིང་ཁ་སང་ལོ་གཉིས་ཙམ་ཞིག་གི་གོང་ལ་རེད། རྒྱ་མིའི་གཙུག་ལག་སློབ་གྲྭ་ཞིག་གིས་རྒྱ་ནག་ནང་དུ་ནང་པ་ག་ཚོད་ཡོད་མེད་ཀྱི་ཞིབ་འཇུག་བྱས་པའི་ཐོ་གཞུང་ནང་རྒྱ་ནག་ནང་དུ་ནང་པ་ས་ཡ ༣༠༠ ཙམ་ཞིག་ཤོད་བཞིན་འདུག ང་ཚོ་བོད་མི་ས་ཡ་དྲུག་རེད། ས་ཡ་ ༣༠༠ དེའི་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་ཆེ་བ་ཤེས་ཡོན་ཡོད་པ་ཡིན་སྐོར་བཀོད་འདུག རྒྱ་ནག་ནང་དུ་ནང་པ་ས་ཡ་ ༣༠༠ ཡོད་པའི་ནང་ནས་ནང་པ་འབུམ་ཁ་ཤས་ཤིག་གིས་བོད་ཀྱི་ནང་ཆོས་ལ་དོ་སྣང་དང་སློབ་སྦྱོང་བྱེད་བཞིན་ཡོད། དེར་བརྟེན་དེ་དག་གི་བསམ་བློའི་ནང་ལ་ཡིན་རུང་བོད་ཀྱི་ནང་ཆོས་ཞེས་བརྗོད་སྐབས་རིན་ཐང་ཡོད་པ་ཞིག་མཐོང་ཡོང་གི་ཡོད། ང་ཚོ་བོད་ཀྱི་མཚན་མཐོང་གོང་དུ་འཕེལ་རྒྱུ་ཙམ་དུ་མ་ཟད། མ་འོངས་པར་རྒྱ་ནག་ནང་གི་ནང་པ་མང་དག་ཅིག་ལ་ལམ་སྟོན་དང་ཕན་ཐོགས་བྱ་རྒྱུ་ཞིག་ཡོང་གི་རེད། རྒྱ་ནག་ནང་བོད་ཀྱི་མཁས་པ་ཞིག་གིས་ནང་ཆོས་དང་ཚན་རིག་སྐོར་འགྲེལ་བཤད་བརྒྱབ་འདུག དེ་དུས་ཕལ་ཆེར་ཧྲང་ཧེ་ནས་ཡིན་འདུག དེའི་སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་གནས་ཚུལ་དེ་དག་ཉན་རྗེས་ཁོང་གིས་དཔེ་རི་མཐོན་པོ་ཞིག་བཞག་སྟེ། ཚན་རིག་པ་ཚོས་རི་དེ་འཛེགས་ཡོང་སྟེ་རིའི་རྩེར་སླེབས་སྐབས། ནང་པ་དེར་སྔོན་ལ་སླེབས་ཟིན་སྐོར་བརྗོད་པའི་སྐད་ཆ་ཞིག་འདུག གང་ལྟར་ང་ཚོ་བོད་པར་ཡོད་པའི་ནང་ཆོས་འདི་རྨོངས་དད་དང་ང་ཚོ་ས་ཁུག་ལུང་ཁུག་ཏུ་ཉི་མ་མ་འཁྱོལ་བར་མ་ཎི་བགྲངས་ནས་བསྡད་པ་ཞིག་མིན། དེར་བརྟེན་བོད་མི་རིགས་ཀྱི་ཆེ་མཐོང་ལ་ཡང་ཏན་ཏན་ཕན་ཐོགས་ཡོད་པ་ཞིག་རེད། ང་རང་ཚོ་བོད་པ་གཞོན་སྐྱེས་ཁག་གཅིག་ནས་ཆོས་ལ་ཆོ་མེད། ཆོས་ཀྱིས་ང་ཚོའི་ལུང་པ་བསྐྱལ་བ་རེད། ཅེས་ཁ་ཤས་ཀྱིས་མཐོང་གི་འདུག ང་ཚོས་དང་དུ་བླངས་ནས་ཚན་རིག་པ་ཚོར་སློབ་ཀྱི་ཡོད། ཚན་རིག་པ་ཚོས་དང་དུ་བླངས་ནས་ནང་པའི་ཚན་རིག་གི་ནང་ནས་གཙོ་བོ་སེམས་ཀྱི་སྐོར་ལ་འགྲེལ་བཤད་ཡོད་པ་དེ་དག་ལ་དོ་སྣང་བྱས་ཏེ་སྦྱང་གི་ཡོད། ཚན་རིག་པས་ད་ལྟ༌བར་ཤེས་ཡོད་པ་དེ་དག་ང་ཚོས་སློབ་སྦྱོང་བྱེད་དགོས། ང་རང་ཚོའི་ཚུར་ཕྱོགས་འདིར་ལོ་སྟོང་ཕྲག་རིང་སློབ་སྦྱོང་བྱས་མ་ཙམ་དུ་མ་ཟད། ཉམས་ལེན་བྱས་པའི་རྟགས་ཐོན་པའི་རྩ་རླུང་དང་སེམས་ཀྱི་རྣམ་གཞག་དེ་དག་ཕར་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་ཞིག་གི་གནས་ཚུལ་ཆགས་ཡོད། དེར་བརྟེན་ང་རང་ཚོ་ནང་ཁུལ་ནས་རིགས་ཁག་གཅིག་གིས་ཆོས་ཞེས་བརྗོད་སྐབས་མཐོང་ཆུང་བྱ་རྒྱུའི་རེ་ཟུང་ལ་མཐོང་ཚུལ་དེ་འདྲ་ཡོང་གི་ཡོད། དེ་དག་གི་མ་རྟོགས་པ་དང་ལོག་པར་རྟོགས་པ་དེ་དག་སེལ་རྒྱུར་ཕན་གྱི་རེད། དེར་བརྟེན་ང་ཚོའི་བྱ་བ་འཛམ་གླིང་ཚ་དྲོད་དང་ནང་པའི་སྤྱིའི་ཐོག་ནས་བཤད་པ་ཡིན་ནའང་རེད། བྱེ་བྲག་ཏུ་བོད་རང་གི་ནང་པའི་ཐོག་ནས་བཤད་ནའང་རེད། དེ་བཞིན་བོད་མི་རིགས་དང་རིག་གཞུང་ཐོག་ནས་བཤད་པ་ཡིན་ནའང་རེད། གང་ལྟར་ང་ཚོའི་འཆར་གཞི་དེ་གནད་འགག་ཆེན་པོ་རེད། ད་ལྟ་བར་དུ་འཆར་གཞི་དེ་དག་སེམས་ཀྱི་རེ་བ་ཙམ་མ་ཡིན་པར་དངོས་སུ་ལག་ལེན་བསྟར་ཏེ་གྲུབ་འབྲས་མཐོང་རྒྱུ་ཡོད་པ་བྱུང་བ་རེད། དེ་རྨང་གཞི་རེད། ད་དུང་ང་ཚོས་མུ་མཐུད་ནས་ཡར་རྒྱས་གཏོང་དགོས་པ་ཞིག་ཆགས་སྟབས། རྐང་ཁྱེད་རང་ཚོ་ལས་ཀ་བྱེད་མཁན་ཚང་མར་ཐུགས་རྗེ་ཆེ། ཞེས་བརྗོད་རྒྱུ་ཡིན། ཞེས་བཀའ་སློབ་སྩལ་ཏེ་དབྱིན་སྐད་ཐོག་བཀའ་སློབ་སྩལ་ཡོད་པ་བཅས། །
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་པའི་དགེ་བཙུན་ ༢༨ ལ་ཚན་རིག་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་དང་བཀའ་སློབ་སྩལ་བ།
གསར་གནས།
འབྲེལ་གནས།