༢༠༡༢ ཟླ་ ༥ ཚེས་ ༩ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༩ ཉིན་རྡ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས། སྣང་གྲོལ་ལགས་བཅས་ཀྱིས་རང་ལུས་མེར་སྲེག་བཏང་བའི་བརྙན་པར་དང་ཞལ་ཆེམས་ཕྱི་འབྱོར་བྱུང་བའི་ཐོག་གསར་འགོད་གསལ་བསྒྲགས་སྤེལ་ཡོད།
དེ་ཉིན་སྔ་དྲོ་ཆུ་ཚོུད་ ༡༡ ཐོག་ཕྱི་ནང་གི་གསར་འགོད་པ་ཉི་ཤུ་བརྒལ་བ་ལྷན་འཛོམས་ཐོག་ཕྱི་དྲིལ་ལས་ཁུངས་ཀྱི་གསར་འགོད་འབྲེལ་མཐུད་པ་བློ་བཟང་ཆོས་གྲགས་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་གྲུབ་མཚམས་ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༡༩ ཉིན་མགོ་ལོག་ཛམ་ཐང་དུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་། བསོད་ནམས་ལགས་གཉིས་ཀྱིས་ས་གནས་སུ་རང་ལུས་མེར་སྲེག་བཏང་བའི་བརྙན་པར་དང་། ཁོང་གཉིས་ཀྱིས་མཉམ་དུ་བཞག་པའི་སྒྲ་བཅུག་ཞལ་ཆེམས།
་བཞིན་ཁོང་གཉིས་ཀྱི་འདྲ་པར་དང་། ཕྱི་ཟླ་ ༢ ཚེས་ ༡༩ ཉིན་ཛམ་ཐང་དགོན་པའི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་གཏོང་མཁན་རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་མེས་ཚིག་ཟིན་པའི་འདྲ་པར་དང་མ་གྲོངས་གོང་གི་འདྲ་པར། ལག་བྲིས་ཞལ་ཆེམས་དངོས་དང་། ཕྱི་ཟླ་ ༡ ཚེས་ ༢༦ ཉིན་བར་མ་ཤང་དུ་བོད་མི་ཚོས་ཞི་བའི་ངོ་རྒོལ་སྐབས་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བའི་སློབ་མ་ཨོ་རྒྱན་བཅས་ཀྱི་འདྲ་པར་རྣམས་བརྙན་པར་བརྒྱུད་གསར་འགོད་པ་རྣམ་ལ་སྟོན་མུས་སྐབས་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་བརྙན་པར་དེ་དག་ལ་འགྲེལ་བརྗོད་གནང་ཡོད།
དེ་ནས་ཁོང་གིས་བརྙན་པར་རྣམས་གསར་འགོད་པ་ཚོས་རྒྱལ་སྤྱིའི་སྟེང་བེད་སྤྱོད་ལེགས་པོ་གཏོང་ཐབས་སྐོར་ལ་གསུང་དོན།
འདིར་བསྟན་པའི་བརྙན་པར་སོགས་བོད་ནས་བཏང་འབྱོར་བྱུང་བ་ཇི་མ་ཇི་བཞིན་ལས་བཅོས་སྒྲིག་གང་ཡང་བྱས་མེད། དེ་རིང་འདིར་གསར་འགོད་གསལ་བསྒྲགས་སྤེལ་དགོས་དོན་ནི། རྒྱལ་སྤྱིའི་བརྒྱུད་ལམ་ཁག་ལ་ཁྱབ་སྤེལ་ཤུགས་ཆེ་བཏང་བའི་ཐོག་ཁོང་རྣམ་པས་བོད་རྒྱལ་ཁབ་དང་མི་རིགས་དོན་དུ་བློས་བཏང་གནང་བ་དེ་ང་ཚོས་བསམ་པ་རྣམ་དག་གི་སྒོ་ནས་བོད་དོན་ཐད་རྒྱབ་སྐྱོར་ནུས་པ་ལྡན་པ་ཞིག་ཡོང་ཆེད་རྒྱལ་སྤྱིའི་ནང་ཁྱབ་བསྒྲགས་གང་ཐུབ་གནང་རོགས་ཞུ་རྒྱུ་ཡིན་ཞེས་གསུང་རྗེས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
རྒྱལ་གཅེས་དཔའ་བོ་ཆོས་འཕགས་སྐྱབས་ལགས་དང་བསོད་ནམས་ལགས་ཀྱི་ཞལ་ཆེམས།
༄༅། །བོད་མི་རིགས་འདི་གཞན་དང་མི་མཚུངས་བའི་ཆོས་དང་རིག་གནས། བྱམས་དང་སྙིང་རྗེ་ལྡན་པ། གཞན་ལ་ཕན་སེམས་ཆེ་བའི་མི་རིགས་ཤིག་ཡིན། ཡིན་ན་ཡང་། བོད་མི་རིགས་འདི་རྒྱ་ནག་གིས་བཙན་བཟུང་དང་དྲག་གནོན་མགོ་སྐོར་
བྱས་པས། ང་ཚོ་བོད་མི་རིགས་ལ་འགྲོ་བ་མིའི་ཐོབ་ཐང་མེད་པའི་སྡུག་བསྔལ་དང་། འཛམ་གླིང་ཞི་བདེ་ཡོང་ཆེད་དུ་ངས་རང་ལུས་མེར་བསྲེགས་པ་ཡིན། ང་ཚོ་བོད་མི་རིགས་ལ་རང་དབང་མེད་པའི་སྡུག་བསྔལ་འདི་ངས་རང་ལུས་མེར་བསྲེགས་པ་ལས་སྡུག་བསྔལ་ལྷག་ཏུ་ཆེ། འཇིག་རྟེན་འདི་ན་ཆེས་དྲིན་ཆེ་བའི་ཕ་མ་དང་ཁྱིམ་མི་བཟའ་ཚང་། ཕུ་ནུ་ཉེ་འབྲེལ་རྣམ་པ། ངེད་གཉིས་ཀྱི་ཁྱེད་ཅག་ལ་བསམ་བློ་མ་བཏང་བ་མིན། ངེད་གཉིས་ཁྱེད་ཅག་དང་ཁ་བྲལ་བ་ཡང་སྔ་ཕྱི་ཁོས་ནི་ཡང་མིན། རང་གི་ཚེ་སྲོག་ལ་གཅེས་སྐྱོང་མ་ཤེས་པ་ཡང་མིན། སེམས་དང་བསམ་པ་མཉམ་པའི་སྒོ་ནས། ངེད་གཉིས་ཀྱིས་སེམས་བསམ་པ་མཉམ་པའི་སྒོ་ནས། བོད་ལ་རང་དབང་ཐོབ་པ། སངས་རྒྱས་ཀྱི་བསྟན་པ་དར་བ། སེམས་ཅན་ལ་བདེ་སྐྱིད་བསྐྲུན་ཐུབ་པ། འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ངེད་གཉིས་ཀྱི་རང་ལུས་མེར་བསྲེགས་པ་ཡིན། ཡིན་ན་ཁྱེད་ཅག་གིས་ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབས་དགོས། ངེད་གཉིས་རྒྱ་ལག་ཏུ་ཤོར་ཡང་ཁྱེད་ཅག་གིས་ཅི་ཡང་བྱེད་མི་དགོས། ངེད་གཉིས་ཀྱི་ཆེད་དུ་མི་གཅིག་ལ་གནོད་འཚེ་མེད་ན་ངེད་གཉིས་ཀྱི་བསམ་པ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཆེད་དུ་ཁྱེད་ཅག་གིས་སེམས་སྐྱོ་ན། མཁས་པ་དང་མཁན་སྤྲུལ་རྣམས་ཀྱི་ཁར་ཉན་ནས་རིག་གནས་སྦྱང་ན་རིག་གནས་སྦྱོང་བའི་ཁ་ཕྱོགས་མི་ནོར་བ་དང་། རང་རིགས་ལ་དུང་ཞེན་དང་། རང་གི་རིག་གནས་ལ་འབད་བརྩོན་བྱས་ནས་རང་ཚིགས་མ་ཤོར་བར་རྡོག་རྩ་ཆིག་སྒྲིལ་བྱས་ན་ངེད་གཉིས་ཀྱི་རེ་བ་འགྲུབ་པ་ཡིན། ངེད་གཉིས་ཀྱི་ཁ་ཆེམས་ལྟར་བསྒྲུབ་པར་སྙིང་ནས་རེ་བ་ཡིན།
རྒྱལ་གཅེས་དཔའ་བོ་སྣང་གྲོལ་ལགས་ཀྱི་ཞལ་ཆེམས།
༄༅། །ལ་རྒྱའི་སྙིང་སྟོབས་མ་ཞན་མགོ་བོ་ཁྱོགས། མིང་སྣང་གྲོལ་ང་ཡི་ལ་རྒྱ། ངའི་དྲིན་ཅན་ཕ་ལོ་མ་ལོ། ངའི་འདང་ཅན་ཕུ་ནུ་ཉེ་འཁོར།
ང་མི་འདུག་འགྲོ་རན་བྱུང་ཐལ། ངས་དྲིན་ཅན་བོད་མིའི་དོན་ལ། ངའི་ཚེ་སྲོག་མེ་ལ་བསྐུར་ནས། བོད་མི་རིགས་ཕོ་མོ་རྣམ་པ། བུ་ང་ཡི་རེ་བ་ཡིན་ན།
ཁྱེད་ཚང་མར་མཐུན་སྒྲིལ་ཡོད་དགོས། བོད་ཡིན་ན་བོད་ལྭ་གྱོན་དགོས། དེའི་མི་ཚད་བོད་སྐད་བཤད་དགོས། བོད་ཡིན་ནོ་སེམས་ནས་མ་བརྗེད། བོད་ཡིན་ན་བྱམས་དང་སྙིང་རྗེ་དགོས། ཕ་མ་ལ་བརྩི་བཀུར་དགོས། མི་རིགས་ལ་མཐུན་སྒྲིལ་ཡོད་དགོས། དུད་འགྲོ་ལ་སྙིང་རྗེ་སྒོམ་དགོས། སེམས་ཅན་གྱི་ཚེ་སྲོག་ལ་འཛེམ་དགོས།
༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག བོད་གངས་ཅན་གྱི་བླ་སྤྲུལ་མཁན་པོ་སོགས་ཀྱི་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག
བོད་མི་རིགས་རྒྱ་ངན་འདིའི་འོག་ནས་ཐར་བར་ཤོག རྒྱ་ངན་འདིའི་འོག་ནས་བོད་ལ་སྡུག་བསྔལ་ཆེ། སྡུག་བསྔལ་དེ་བཟོད་ཐབས་ཧ་ཅང་དཀའ། རྒྱ་ངན་འདིས་བོད་པ་བཙན་བཟུང་བྱེད། ཁྲིམས་ངན་འདིའི་འོག་ནས་སྡོད་ཐབས་མེད། རྨ་མེད་པའི་གཅར་རྡུང་བཟོད་ཀྱི་དཀའ། རྒྱ་ངན་དེར་བྱམས་དང་སྙིང་རྗེ་མེད། མཐའ་གཞུག་ལ་བོད་ཀྱི་ཚེ་སྲོག་བཅད། ༸རྒྱལ་དབང་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག ཅེས་འཁོད་ཡོད་འདུག་པ་བཅས། །