༢༠༡༢ ཟླ་ ༥ ཚེས་ ༢༡ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ཉིན་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་ནས་གོ་སྒྲིག་ཐོག་མཐོ་སློབ་ཁག་གི་སློབ་གཉེར་བ་རྣམས་ལ་དེང་གི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་ཅེས་པའི་ཟབ་སྦྱོང་ཐེངས་བཅུ་གཅིག་པ་གངས་ཅན་སྐྱིད་གཤོངས་ཀྱི་སྤྱི་ཐབ་ཚོགས་ཁང་དུ་དབུ་འཛུགས་གནང་འདུག
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༠།༣༠ ཐོག་བོད་ཀྱི་གྲོས་ཚོགས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འཛིན་སྐྱོང་ངེས་སྟོན་པ་སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་ལགས་ཀྱིས་ཟབ་སྦྱོང་གི་དམིགས་ཡུལ་ངོ་སྤྲོད་གནང་གྲུབ་མཚམས་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཟབ་སྦྱོང་དབུ་འབྱེད་ཀྱི་གསུང་བཤད་གནང་དོན། ཐོག་མར་འདིར་འདུས་རྣམ་པ་ཚང་མར་འཚམས་འདྲི་ཞུ་རྒྱུ་ཡིན། ང་ཚོའི་བོད་པའི་ལོ་རྒྱུས་ལ་ཕྱིར་མི་ཅིག་བལྟས་ན། ཕྱི་ལོ་ ༡༩༥༩ ལོར་བོད་ལ་དུས་འགྱུར་བྱུང་བར་བརྟེན། ང་ཚོ་བཙན་བྱོལ་དུ་ཡོང་དགོས་བྱུང་ཡོད། དེ་བཞིན་འདི་ག་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་ལོ་ ༡༩༦༠། ༢༠༠༡།༢༠༡༡ བཅས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ཡོད་པ་དེ་དག་ཐོག་རྣམ་པ་ཚོས་ཐུགས་སྣང་གནང་ཡོད་ངེས་རེད། ད་ཐེངས་ཀྱི་ཟབ་སྦྱོང་ནང་དང་པོ། བོད་མིའི་སྒྲིག་འཛུགས་ཀྱི་སྒྲོམ་གཞི་དང་ལས་དོན་བྱ་ཕྱོགས། གཉིས་པ། བོད་ཀྱི་ཆོས་དང་རིག་གཞུང་སྐོར། གསུམ་པ། རྒྱལ་སྤྱིའི་གནས་སྟངས། བཞི་པ། རྒྱ་ནག་གི་གནས་སྟངས། ལྔ་པ། བོད་ནང་གི་ཛ་དྲག་གནས་སྟངས། སོགས་འདུག་པས་དེ་དག་ཐོག་བགྲོ་གླེང་རིམ་བཞིན་གནང་རྒྱུ་ཡིན་པར་བརྟེན་ཁྱེད་རྣམས་ནས་དོ་སྣང་ཆེར་སྐྱེད་གནང་དགོས། དེ་བཞིན་མི་གཅིག་ཞིག་གི་མི་འཚེའི་ནང་ཡ་རབས་སྤྱོད་བཟང་བྱ་རྒྱུ་དང་དེ་དག་གོང་འཕེལ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཕྱོགས་མཚུངས་ཤེས་ཡོན་གྱི་གནས་ཚད་ཀྱང་ཡར་རྒྱས་གཏོང་དགོས། གལ་ཏེ་དེ་གཉིས་ཡར་རྒྱས་གཏོང་མི་ཐུབ་ན། སྤྱི་ཚོགས་ནང་འགྲོ་སྐབས་ལས་དོན་གང་ཞིག་བྱས་ཀྱང་གདེང་ཚོད་རྙེད་དཀའ་བ་ཞིག་ཆགས་ཀྱི་རེད། དེར་བརྟེན་གཞི་རིམ་ཤེས་ཚད་ཡར་རྒྱས་གཏོང་དགོས་པ་མ་ཟད། སྤྱི་ཚོགས་ཀྱི་གནས་སྟངས་དང་རང་ཉིད་ཀྱི་ཤེས་ཡོན་གནས་ཚད་གོམ་པ་མཉམ་སྤོ་བྱེད་ཐུབ་པ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ད་ལྟའི་ཆར་བོད་ཀྱི་དཀའ་ངལ་དེ་ཧ་ཅང་ཛ་དྲག་གི་ཐོག་གནས་ཡོད། བོད་ནང་གི་བོད་ཚོས་དཀའ་སྡུག་ཧ་ཅང་མྱངས་དང་མྱོང་མུས་རེད། དེར་བརྟེན་ང་ཚོས་ཁོང་རྣམ་པའི་གནས་སྟངས་རང་ཉིད་གནས་ཡུལ་གྱི་ས་གནས་ཡུལ་མི་ཚུན་ཆད་ལའང་གསལ་བཤད་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། སྐད་ཡིག་ཐོག་ནས་ཆ་བཞག་ན། སྤྱིར་བཏང་འཛིན་གྲྭ་བཅུ་གཅིག་སློབ་ཐོན་ཟིན་ཡང་བོད་ཡིག་ཐོག་ནས་གཏོང་ཡིག་གཏོང་རྒྱུ་དང་བོད་ཡིག་ཐོག་ནས་རང་རྐྱ་འཕེར་བའི་ལས་ཀ་བྱེད་དགོས་ན་ཧ་ཅང་ཁག་པོ་ཆགས་ཀྱི་འདུག དེ་ནི་ང་ཚོས་ལས་བྱེད་འདེམས་ཐོན་བྱེད་སྐབས་གནས་ཚུལ་དེ་དག་ཤེས་ཀྱི་འདུག དེར་བརྟེན་ཁྱེད་རྣམ་པ་བོད་ཡིག་ཐོག་སྤྱིར་བཏང་ཡག་པོ་ཡོད་ངེས་རེད་ཀྱང་ད་དུང་ཡར་རྒྱས་གཏོང་ཐུབ་ན་གཏོང་རྒྱུའི་གོ་སྐབས་ཡོད་པས་དེ་ལྟར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་མཐོང་གི་ཡོད་ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ཐེངས་འདིའི་ཟབ་སྦྱོང་ནང་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་སྒྲོམ་གཞི་དང་། མང་གཙོའི་ཀ་བ་གསུམ་གྱི་སྤྱི་ཚོགས་ལ་དགེ་ཕན་ཇི་བྱུང་དང་གདོང་ལེན་བྱེད་དགོས་ཇི་ཡོད། སོགས་ཁྱོན་བརྗོད་གཞི་ཁག་མི་འདྲ་བ་ ༡༦ ཙམ་ཡོད་འདུག དེ་བཞིན་ཕྱི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་དང་ཕྱི་ཚེས་ ༢༩ ཉིན་ཕྱི་དྲིལ་བཀའ་བློན་མཆོག་གིས་གསུང་བཤད་གནང་རྒྱུ་ཡིན་འདུག
ད་རེས་ཀྱི་ཟབ་སྦྱོང་ནང་མཐོ་སློབ་ཁག་དགུ་ནས་ཁྱོན་སློབ་མ་གྲངས་ ༦༠ ཙམ་ཞིག་མཉམ་ཞུགས་གནང་འདུག་པ་བཅས། །
མཐོ་སློབ་ཁག་གི་སློབ་གཉེར་བ་རྣམས་ལ་དེང་གི་ན་གཞོན་དང་མ་འོངས་པའི་འགོ་ཁྲིད་ཀྱི་ཟབ་སྦྱོང་ཐེངས་བཅུ་གཅིག་པ་དབུ་འཛུགས་གནང་བ།
གསར་གནས།
འབྲེལ་གནས།