༢༠༡༢ ཟླ་ ༥ ཚེས་ ༣༡ རེས་གཟའ་ཕུར་བུ།
༄༅། །འདི་གར་ཇོ་ནང་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༡ ཉིན་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་བོད་མི་རིགས་ཀྱི་རྩ་དོན་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་བའི་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱི་ཕུང་པོ་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ་ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༡ སྟེང་ཞུགས་འབུལ་བྱེད་དགོས་བྱུང་འདུག
བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༣༠ ཉིན་གྱི་ཕྱེད་ཡོལ་ཆུ་ཚོད་ ༣ ཡས་མས་སུ་ཛམ་ཐང་ཇོ་ནང་དགོན་གྱི་ཉེ་འཁྲིས་སུ་རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ཀྱིས་རང་ལུས་མེར་སྲེག་གཏོང་སྐབས་ས་གནས་ཉེན་རྟོག་པ་སླེབས་ཏེ་མེ་གསོད་ཐབས་བྱས་ཡོད་ཀྱང་། མེ་འབར་ཤུགས་ཆེ་བས་བསད་མ་ཐུབ་པར་ས་གནས་དེར་འདས་གྲོངས་སུ་གྱུར་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་རྒྱལ་གཅེས་པ་ཁོ་མོའི་ཕུང་པོ་ཛམ་ཐང་ཇོ་ནང་དགོན་ཆེན་དུ་གདན་འདྲེན་ཞུས་ཏེ། ཛམ་ཐང་དགོན་ཆེན་གྱི་གྲྭ་ཚང་གསུམ་གྱི་གྲྭ་མང་གཅིག་སྟོང་ལྷག་གིས་ཕོ་ལུང་དང་བསྔོ་སྨོན་མཆོད་འབུལ་ཚོགས་ཡོད་འདུག
དེ་རྗེས་རྒྱ་གཞུང་གིས་བཙན་བཀའ་བཏང་སྟེ། རྒྱལ་གཅེས་དཔའ་མོ་ཁོང་གི་སྐུ་ཕུང་ཉིན་དེར་གང་མགྱོགས་ཞུགས་འབུལ་བྱེད་དགོས་པ་དང་། གལ་སྲིད་ཁོ་མོ་སྐུ་ཕུང་ཉིན་དེ་ག་རང་ལ་ཞུགས་འབུལ་མ་བྱས་ན། ཕྱིར་བཙན་འཕྲོག་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་པའི་རྐྱེན་གྱིས། ཕྱི་ཚེས་ ༣༠ དགོང་མོ་བོད་ནང་གི་ཆུ་ཚོད་ ༡༡ སྟེང་དགོན་པའི་ཉེ་འཁྲིས་རི་འདབས་ཀྱི་དུར་ཁྲོད་ནང་ཞུགས་འབུལ་བྱས་ཡོད་འདུག
ཕུང་པོ་ཞུགས་འབུལ་བྱེད་སར་ཛམ་ཐང་དགོན་ཆེན་གྱི་དགེ་འདུན་པ་དང་། ས་གནས་མང་ཚོགས་བཅས་ཁྱོན་མི་གྲངས་ ༥༠༠༠ ལྷག་འདུ་འཛོམས་བྱུང་ཡོད་འདུག་ལ། དགོང་མོར་ས་གནས་དེར་ཆར་ཤུགས་ཆེན་པོ་བབས་ཏེ་དཀའ་ངལ་ཆེན་པོ་འཕྲད་ཡོད་ཀྱང་དགེ་འདུན་པ་དང་མང་ཚོགས་རྣམས་ཀྱིས་སེམས་ཤུགས་ཆེན་པོས་མཚན་མོའི་ཆུ་ཚོད་ ༣ བར་དུ་བསྔོ་སྨོན་དང་མཆོད་འབུལ་ཚོགས་ནས་དུར་ཁྲོད་དུ་བསྡད་འདུག
རྒྱལ་གཅེས་དཔའ་མོ་རི་ཀྱོ་ལགས་ནི་ཛམ་ཐང་བར་མ་ཡུལ་ཚོའི་གཙང་སྡེ་ནས་ཡིན་ལ། འཚོ་གནས་འབྲོག་པ་ཡིན་འདུག ཁོ་མོ་ནམ་རྒྱུན་གྲོང་ཕན་ཚུན་ལ་མཐུན་ཐབས་ལ་འབད་པ་དང་། ཉམ་ཐག་ལ་རོགས་པ་བྱེད་པ། དགེ་སྤྱོར་ལ་འབད་པ་བྱེད་མཁན་ཞིག་ཡིན་འདུག་ལ། མེར་སྲེག་མ་བཏང་སྔོན་གྱི་ཉིན་མང་པོའི་ནང་ཉིན་མཚན་གཉིས་ལ་ཕྱག་འཚལ་གྱིན་འདུག་པས། སྔ་མོ་ཞིག་ནས་ཁོ་མོའི་རང་ལུས་མེར་སྲེག་གཏོང་རྒྱུར་གྲ་སྒྲིག་བྱས་ཡོད་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་བཞིན་འདུག ཁོ་མོ་ད་སྐབས་རང་ལོ་ ༣༦ ཡིན་པ་དང་། ཁོ་མོའི་ཕ་མིང་ལ་ཕྱུག་ལོ་དང་། མ་མིང་ལ་རིན་ལྷ། བཟའ་ཟླའི་མིང་ལ་སྣང་སྟོང་ཟེར་ཞིང་། ཁོང་གཉིས་ལ་བྱིས་པ་ཆུང་ཆུང་གསུམ་ཡོད་འདུག་པ་བཅས། །