༢༠༡༢ ཟླ་ ༥ ཚེས་ ༧ རེས་གཟའ་ཟླ་བ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་ངག་དབང་ཐོགས་མེད་ལགས་ཀྱིས་སིམ་ལ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༥ ཉིན་སིམ་ལ་གཏན་སློབ་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་ལྔ་བཅུ་འཁོར་བའི་དགྱེས་སྟོན་མཛད་སྒོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་ཡོད།
དེ་ཡང་མཛད་སྐོའི་སྐབས་སིམ་ལར་རྟེན་གཞི་བྱས་པའི་རྡོ་རྗེ་བྲག་དགོན་པ་དང་ཇོ་ནང་དགོན་པ། བོན་དགོན་སྨན་རི་དགོན་པའི་མཁན་ཚབ་སོགས་ཕེབས་ཡོད་པ་མ་ཟད། ཧི་མཱ་ཅལ་མངའ་སྡེའི་གྲོང་གསེབ་ཡར་རྒྱས་ཀྱི་མངའ་སྡེའི་བློན་ཆེན་སྐུ་ཞབས་ཇེ་རམ་ཐཱ་ཀུར་(Jairam Thakur)མཆོག དེ་བཞིན་གཏན་སློབ་ཚོགས་གཙོ་སྐུ་ཞབས་ཨེ་ཨེ་སི་རཱ་བ་ཌ་མཆོག་(A.S Rawat) སིམ་ལ་གཏན་སློབ་ཀྱི་སློབ་སྤྱི་པིར་ཊམ་ལགས། བོད་མི་མང་སྤྱི་འཐུས་ཀརྨ་ཆོས་འཕེལ་ལགས་དང་ཡེ་ཤེས་ཕུན་ཚོགས་ལགས། རེག་ཊར་ཟླ་བ་ཚེ་རིང་ལགས། སིམ་ལ་ས་གནས་འགོ་འཛིན་བཅས་ཕེབས་ཡོད། གཞན་ཡང་ཕྱེད་ཡོལ་མུ་མཐུད་མཛད་སྒོ་འཚོགས་བཞིན་པའི་སྐབས་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་གཙོས་ཤེས་རིག་དྲུང་ཆེ་དང། ནང་སྲིད་དྲུང་ཆེ་ཡང་ཆེད་ཕེབས་གནང་ཡོད། མཛད་སྒོའི་སྐབས་སིམ་ལའི་སློབ་ཟུར་རྣམ་པས་མཐུན་འགྱུར་ཞུས་ནས་ཧིན་སྒོར་འབུམ་དགུ་ལྷག་འགྲོ་སོང་བཏང་སྟེ་སློབ་གྲྭའི་སྡིངས་ཆ་གསར་སྐྲུན་གནང་ཡོད་པ་དེ་བཞིན་ཟམ་གདོང་རིན་པོ་ཆེ་མཆོག་དང་ཇེ་རམ་ཐཱ་ཀུར་མཆོག་གིས་དབུ་འབྱེད་གནང་ཡོད། སྐབས་དེར་སིམ་ལ་གཏན་སློབ་ཀྱི་སློབ་དགེ་དང་ལས་བྱེད་ཟུར་པ་མང་དག་ཕེབས་ཡོད་པའི་ཁོངས་ནས་ཀ་ཏར་སིང་ལགས་དང་ཤ་སིང་ལགས། སུ་ཌི་ལགས་ཀྱང་ཕེབས་སྟབས། ཁོང་རྣམས་ལ་བཀའ་དྲིན་རྗེས་དྲན་ཆེད་ཕྱག་རྟགས་དེ་བཞིན་བཀའ་ཁྲི་ཟུར་པ་མཆོག་དང་སྐུ་ཞབས་ཇེ་རམ་རཱ་མེ་ཤི་གཉིས་རེ་མོས་ཀྱིས་གནང་ཡོད།
དེ་རྗེས་རྒྱ་གར་དང་བོད་ཀྱི་རིག་གཞུང་ཁག་གཅིག་འཁྲབ་སྟོན་གནང་ཡོད་པ་མ་ཟད། པར་རིགས་འགྲེམ་སྟོན་ཞིག་ཀྱང་གོ་སྒྲིག་ཞུས་ཡོད། དེ་ཉིན་སྔ་དྲོའི་མཛད་སྒོའི་ཐོག་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུང་བཤད་གནང་དོན། དེ་རིང་སིམ་ལ་གཏན་སློབ་ཀྱི་སློབ་ཟུར་རྣམས་ཀྱིས་སིམ་ལ་གཏན་སློབ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བའི་དུས་དྲན་ཞིག་གོ་སྒྲིག་གནང་བ་དེར་བཅར་ཐུབ་པར་ཧ་ཅང་སྐལ་བ་བཟང་པོ་བྱུང། འདི་ངས་འདྲ་ཆགས་ཆགས་བྱས་ནས་ཞུ་གི་མེད། སྤྱིར་བཏང་དེ་ལྟར་ཤོད་རྒྱུའི་ལམ་ལུགས་ཤིག་ཡོད། ང་རང་དངོས་གནས་ཧ་ཅང་དགའ་པོ་དང་འདོད་བློ་ཁེངས་པ་བྱུང། སིམ་ལའི་སློབ་ཟུར་ཁག་གཅིག་གིས་རྡ་སར་དངོས་སུ་ཕེབས་ཏེ་ངར་དགྱེས་སྟོན་སྐབས་ཡོང་རོགས་ཞེས་འབོད་སྐུལ་ཞུས་བྱུང། དེ་རིང་འདིར་ང་ལ་གསུང་བཤད་གནང་རྒྱུའི་མཐའ་མའི་གོ་སྐབས་གནང་བར་དགེ་སྐྱོན་གཉིས་ཆ་ཡོད། དགེ་མཚན་གང་ཡོད་བརྗོད་ན། ཚོགས་བཅར་བ་ཚོས་དུས་ཚོད་གང་ཙམ་སོང་ཚར་བར་བརྟེན་དོ་སྣང་དེ་ཙམ་བྱེད་ཀྱི་མ་རེད། གྱོང་ནི་རང་གི་གྲ་སྒྲིག་ཡོད་པའི་གཏམ་བཤད་དེ་དག་སྔོན་དུ་གསུང་བཤད་གནང་མཁན་ཚོས་གསུང་གྲུབ་ཀྱི་རེད། དེར་བརྟེན་གསར་པ་དམིགས་བསལ་ཞུ་རྒྱུ་གང་ཡང་རག་གི་མ་རེད། སློབ་ཟུར་རྣམ་པས་རང་ཉིད་གཞི་རིམ་གྱི་ཤེས་ཡོན་གང་དུ་ཐོབ་སའི་སློབ་གྲྭར་བཀའ་དྲིན་རྗེས་དྲན་ཞུ་ཆེད་འབད་བརྩོན་གནང་བ་དེ་ཕྱོགས་གཅིག་ནས་དགེ་བའི་ལས་ཤིག་དང་བསྔགས་པར་འོས་པའི་བྱ་བ་ཞིག་ཆགས་ཡོད། གང་ཡིན་བརྗོད་ན། སློབ་གྲྭའི་ནང་དུ་ཤེས་ཡོན་གང་བྱུང་བ་དེས་རང་ཉིད་ལ་ཚེ་འདི་ཙམ་མ་ཟད། ཚེ་ཕྱི་མར་ཡང་ལམ་ཡང་དག་པ་ཞིག་སྟོན་རྒྱུར་ཏན་ཏན་ཕན་ཐོགས་ཡོང་ངེས་ཡིན། དེར་བརྟེན་ངས་ལྔ་བཅུའི་དགྱེས་སྟོན་གོ་སྒྲིག་ཚོགས་ཆུང་གི་ཚོགས་མི་ཚང་མར་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན། སྤྱིར་ལོ་ལྔ་བཅུ་འཁོར་མཚམས་སུ་དུས་དྲན་གྱི་མཛད་སྒོ་སྲུང་བརྩི་ཞུ་གསོལ་ཡོད་པ་དེ་གནའ་བོའི་རྒྱ་གར་གྱི་སྲོལ་རྒྱུན་ཞིག་ཆགས་ཡོད། དེར་གསེར་གྱི་དུས་དྲན་ལ་སོགས་ཐ་སྙད་འདྲ་མིན་སྦྱར་ཏེ་ང་ཚོས་འཕྲོ་བརླག་བཏང་ཡོད། ཤར་ཕྱོགས་གྱི་ལམ་སྲོལ་དེ་གཞན་ནས་དཔེ་བཤུས་བྱས་པ་ཞིག་མིན་པར་རིན་ཐང་ལྡན་པའི་སྲོལ་རྒྱུན་ཞིག་ཆགས་ཡོད། ནུབ་ཕྱོགས་པ་ཚོས་ང་ཚོའི་སར་ནས་དཔེ་བཤུས་མང་པོ་བྱས་ཏེ་དེང་སྐབས་ང་ཚོས་ཁོང་ཚོའི་ས་ནས་དཔེ་བཤུས་བྱས་དང་བྱེད་བཞིན་ཡོད། དེར་བརྟེན་ངས་ལོ་ལྔ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་ཕྱོགས་ཐད་ཚིག་གཉིས་ཙམ་ཞུ་རྒྱུ་ཡིན། ང་ཚོ་འཚོ་བཞིན་པའི་དུས་སྐབས་འདི་ཚེ་ལོ་བརྒྱ་པའི་དུས་སྐབས་ཤིག་ཡིན། དེའི་གོ་དོན་ནི་མི་རྣམས་ཀྱི་ཚེ་ཚད་ལོ་བརྒྱ་ཡིན། ལོ་བརྒྱའི་མི་ཚེ་དོན་དང་ལྡན་པ་ཞིག་བསྐྱལ་ཐུབ་ཆེད་རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་མི་ཚེ་བསྐྱལ་སྟངས་ཀྱི་དུས་ཚོད་རིམ་པ་བཞི་ལ་བགོ་བཤའ་བརྒྱབ་ཡོད་པ་ནི། ཆོས། ནོར། འདོད་པ། ཐར་པ་བཅས་ཡིན། གོ་རིམ་དེ་དག་གང་འདྲ་ཡིན་པ་བརྗོད་ན། ལོ་ཉི་ཤུ་རྩ་ལྔ་བར། ཆོས་བསྒྲུབ་དགོས། དེ་རྗེས་ཁྱིམ་འཛིན་ནས་ནོར་དང་འདོད་པ་དོན་དུ་གཉེར་ནས་ལོ་ལྔ་བཅུ་ཟིན་མཚམས་མི་རབས་གསར་པར་སློབ་སྦྱོང་སྤྲོད་རྒྱུ་དང་དེ་ནས་ཁྱིམ་གྱི་བྱ་བ་སྤངས་ཏེ་ཐར་པ་ལ་བརྩོན་རྒྱུ་རེད། རྒྱ་གར་གནའ་རབས་སྲོལ་རྒྱུན་ནང་ལོ་ལྔ་བཅུ་འཁོར་མཚམས་དེ་ཧ་ཅང་གལ་ཆེན་པོར་རྩི་བཞིན་ཡོད། མཚམས་དེར་རང་གི་མི་ཚེའི་ནང་ཕྱིར་མིག་བལྟ་རྒྱུའི་དུས་ཚོད་ཅིག་ཀྱང་རྩི་བཞིན་ཡོད། སློབ་གྲྭ་ཞིག་ལ་ཆ་བཞག་ན། ལོ་ལྔ་བཅུ་དེ་རིང་པོ་གང་ཡང་མིན་ནའང་སློབ་གཉེར་ཐོག་བརྩོན་པ་བྱེད་མཁན་གྱི་དུས་ཚོད་ཀྱི་བརྒྱུད་རིམ་ནང་གལ་ཆེན་པོ་ཞིག་ཆགས་ཡོད། དེར་བརྟེན་ད་ལྟ་རྣམ་པ་ཚོས་ལོ་ལྔ་བཅུ་འཁོར་བའི་དུས་ཚིགས་འདིར་གསེར་(golden jublee)དང་དངུལ། རྡོ་སོགས་ཀྱི་རིན་ཐང་སྤྲད་ནས་གཟིགས་རྒྱུ་དང་ཐ་སྙད་དེ་ལྟར་འདོགས་རྒྱུ་དེ་ནུབ་ཕྱོགས་པའི་ལམ་སྲོལ་དོན་སྙིང་མེད་པ་ཞིག་ཡིན་པར་བརྟེན། ཐ་སྙད་དེ་དག་ལ་ང་ཚོས་བདག་སྤྲོད་མ་བྱས་ཀྱང་འགྲིག་གི་རེད། ད་ལྟའི་དུས་ཚིགས་འདིར་སེང་གེའི་ལྟ་སྟངས་བྱེད་རྒྱུ་གལ་ཆེན་པོ་ཆགས་ཡོད། སེང་གེ་ལྟ་སྟངས་ཀྱི་གོ་དོན་ནི་ང་ཚོས་འདས་པའི་དུས་དང་མ་འོངས་གཉིས་ཆར་ལྟ་རྒྱུ་དེ་ཡིན། འདས་པའི་དུས་ཚོད་ལ་བལྟས་ནས་ང་ཚོས་འཐུས་ཤོར་དང་ཆད་ལྷག་གང་བྱུང་ཡོད་མེད། དོ་ནན་ཐོག་རྟོག་ཞིབ་བྱས་ཏེ་མ་འོངས་པར་ཇི་འདྲ་བྱ་དགོས་མིན་བློ་སྐྱེད་ལེན་ཐུབ་པ་དགོས། དེར་བརྟེན་དུས་ཚོད་དེ་རིང་ལྟ་བུའི་མཛད་སྒོ་ཚོགས་ཏེ་སྲུང་བརྩི་ཞུས་པའི་ལམ་ནས་འདས་པའི་ལོ་ལྔ་བཅུའི་རིང་གི་ཉམས་མྱོང་གང་བསགས་པ་དེར་ཕན་ཚུན་བགྲོ་གླེང་དང་གཏམ་བཤད་སོགས་གནང་རྒྱུ་དེ་གལ་ཆེན་པོ་ཆགས་ཡོད། སློབ་གྲྭ་འདི་ང་སྒེར་གྱི་མི་ཚེ་དང་ཧ་ཅང་འབྲེལ་བ་ཆེན་པོ་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད།
ལྷག་པར་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དེ་སྔ་སིམ་ལ་གཏན་སློབ་ཏུ་ཕྱི་ལོ་ ༡༩༦༢ ལོར་ཆོས་དགེ་དང་བོད་ཡིག་གི་སློབ་དགེ་གཅིག་ལྕོགས་ཀྱི་ཕྱག་ལས་གནང་མྱོང་ཡོད་པ་མ་ཟད། སྐབས་དེར་སློབ་གྲྭའི་འཛིན་སྐྱོང་གི་ལས་གཞི་དང་འབྲེལ་ནས་རྒྱ་གར་གྱི་སྲིད་བློན་དང་པོ་པཎ་ཌི་ཏ་ནེ་རུ་མཆོག་དང་འབྲེལ་བ་བྱུང་ཡོད་སྐོར་སོགས་མི་ཚེའི་ལོ་རྒྱུས་དང་སྦྱར་ནས་དྲན་གསོའི་གསུང་བཤད་གནང་ཡོད་པ་བཅས།།
བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་སིམ་ལ་གཏན་སློབ་དབུ་བརྙེས་ཏེ་མི་ལོ་ལྔ་བཅུ་འཁོར་བའི་མཛད་སྒོར་གསུང་བཤད་གནང་བ།
གསར་གནས།
འབྲེལ་གནས།