༢༠༡༢ ཟླ་ ༥ ཚེས་ ༢ རེས་གཟའ་ལྷག་པ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༤ ཚེས་ ༢༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གནང་དོན། བཙན་བྱོལ་དུ་ཡོད་པའི་བོད་མིའི་སྒྲིག་འཛུགས་དེ་བཞིན་བོད་མི་ཚང་མའི་ངོ་ཚབ་མཚོན་པའི་ཁྲིམས་མཐུན་གྱི་སྒྲིག་འཛུགས་ཤིག་ཆགས་ཡོད།
རྒྱ་ནག་གི་འགོ་ཁྲིད་ཚོས་༸གོང་ས་ཏཱ་ལའི་བླ་མ་མཆོག་ནམ་ཞིག་མེད་པའི་དུས་སྐབས་ཤར་ཚེ་བོད་ཀྱི་གནད་དོན་དེ་བཞིན་རང་བཞིན་གྱིས་རྩ་ཡལ་དུ་འགྲོ་རྒྱུའི་ངན་སེམས་འཆང་བཞིན་ཡོད་པ་དེ་ནམ་ཡང་ལམ་ལྷོང་ཡོང་མི་སྲིད། ལོ་ངོ་བཅུ་ཕྲག་མང་པོའི་རིང་ནས་བོད་མི་ཚོས་མང་གཙོའི་ལམ་ལུགས་དངོས་སུ་ལག་བསྟར་བྱེད་བཞིན་པའི་ཐོག་འཚེ་མེད་ཞི་བའི་ལངས་ཕྱོགས་བརྟན་པོ་བཟུང་སྟེ་འཐབ་རྩོད་བྱས་དང་བྱེད་བཞིན་པ་དེར་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་དབུ་ཁྲིད་དང། སྲིད་གཞུང་བཅས་ཀྱིས་རྒྱབ་སྐྱོར་མུ་མཐུད་གནང་རོགས། བོད་ནང་བོད་མི་ཚོར་རང་དབང་བསྐྱར་གསོ་བྱུང་སྟེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་བྱ་རྒྱུ་བྱུང་ན་དུས་རབས་ ༢༡ པའི་ཕུལ་བྱུང་གི་ལོ་རྒྱུས་ཤིག་ཆགས་ངེས་ཡིན། ཞེས་སོགས་ཀྱི་གསུང་བཤད་གནང་བ་མ་ཟད། མཐོ་སྒང་བོད་ཀྱི་ཁོར་ཡུག་སྐོར་གསུང་དོན། ཚན་རིག་པ་ཚོས་འཛམ་གླིང་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་མཐོ་སྒང་བོད་དེ་སྣེ་གསུམ་པ་ཆགས་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད། གང་ཡིན་བརྗོད་ན་མཐོ་སྒང་བོད་ཀྱི་འཁྱགས་རོམ་དེ་འཛམ་གླིང་ནང་ཆེ་ཤོས་གསུམ་པ་དེ་ཆགས་ཡོད། ལྷོ་ཕྱོགས་ཨེ་ཤི་ཡའི་ནང་རྒྱུག་བཞིན་པའི་རྒྱུག་ཆུ་ཆེ་ཁག་ ༡༠ ལྷག་ཡོད་པ་རྣམས་ཀྱི་འབྱུང་ཁུངས་མཐོ་སྒང་བོད་ཆགས་ཡོད་པར་བརྟེན་མཐོ་སྒང་བོད་ཀྱི་ཁོར་ཡུག་འབག་བཙོག་བྱུང་བ་ཡིན་ན། ཨེ་ཤི་ཡའི་མི་གྲངས་ས་ཡ་མང་པོའི་འཚོ་གནས་ལ་དོ་ཕོག་འགྲོ་རྒྱུ་ཡིན། དེ་ཙམ་མ་ཟད་གོ་ལ་སྤྱི་ཡོངས་ཀྱི་ཚ་དྲོད་ལའང་ཤུགས་རྐྱེན་ཐེབས་རྒྱུ་ཡིན་ཞེས་པའི་གསུང་བཤད་གནང་ཡོད།
གཞན་ཡང་བཀའ་ཁྲི་མཆོག་གིས་དབུ་མའི་ལམ་གྱི་སྐོར་གསུངས་དོན། བོད་མིའི་སྒྲིག་འཛུགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་མུ་མཐུད་ལངས་ཕྱོགས་བརྟན་པོ་འཛིན་བཞིན་ཡོད། གང་ཡིན་བརྗོད་ན་དབུ་མའི་ལམ་གྱི་སྲིད་བྱུས་འོག་བོད་མི་ཚོས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདག་དབང་ལ་བརྡལ་བཤིག་མ་བཏང་བའི་ཐོག་ནས་རྒྱ་ནག་གི་ཆིག་སྒྲིལ་ལ་བརྩི་བཀུར་ཞུ་བཞིན་ཡོད། ང་རང་བཀའ་ཁྲིར་འོས་འདེམས་བྱུང་རྗེས་རྒྱ་ནག་གི་འགོ་ཁྲིད་ཚོ་དང་ལྷན་གྲོས་མོལ་ཡོང་ཐབས་བྱས་ཀྱང་ད་བར་ལམ་ལྷོང་་མ་བྱུང་བ་མ་ཟད། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གུང་ཁྲན་འགོ་གཙོ་རྣམས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇར་མན་གཅིག་བསྡུས་དབང་འཛིན་པ་ན་ཛི་ལྟ་བུ་ཡིན་སྐོར་གྱི་མཚན་སྨད་མུ་མཐུད་ཞུ་བཞིན་ཡོད། རྒྱ་ནག་གཞུང་གི་བྱ་སྤྱོད་དེ་ལྟ་བུ་ནི་ཧ་ཅང་བློ་ཕམ་འོས་པ་ཞིག་དང་ཐ་ཤལ་ཞིག་རེད་ཅེས་གསུང་པ་དང་སྦྲགས། འབྱུང་འགྱུར་རྒྱ་ནག་གི་འགོ་ཁྲིད་རྣམས་འཕོ་འགྱུར་བྱུང་རྗེས་བོད་རྒྱ་གྲོས་མོལ་བསྐྱར་མཐུད་ཡོང་རྒྱུའི་རེ་བ་ཡོད་སྐོར་ཡང་གསུངས་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༣༥ ཙམ་གྱིས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་བོད་མི་ ༢༥ རྐྱེན་འདས་སུ་གྱུར་ཡོད། བོད་མི་ཚོས་རང་ལུས་མེར་སྲེག་གཏོང་དགོས་དོན་གཙོ་བོ་ནི། བོད་རྒྱ་གྲོས་མོལ་གྱི་ལས་རིམ་མཚམས་ཆད་པ་དང་གཞིས་ལུས་བོད་མི་ཚོར་དྲང་བདེན་མིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་རྣམ་པ་སྟོན་ཆེད་ཞི་རྒོལ་བྱས་ཡོད། དེ་ཡང་བོད་མི་ཚོར་ཆབ་སྲིད་ཀྱི་རང་དབང་གང་ཡང་མ་སྤྲད་པའི་ཁར་མིང་འདོགས་འདྲ་མིན་འོག་དམ་བསྒྲགས་དང་འཛིན་བཟུང་བཀག་ཉར་བྱས་པའི་སྲིད་བྱུས་མུ་མཐུད་ལག་བསྟར་བྱེད་བཞིན་པ་སོགས་ལས་བྱུང་བ་ཞིག་ཡིན་སྐོར་གསལ་བཤད་གནང་ཡོད།
ལྷག་པར་བཀའ་ཁྲི་མཆོག་གིས་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་དུ་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་འདས་པའི་ལོ་ངོ་ ༦༠ ལྷག་ཙམ་རིང་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཚབ་ཏུ་བཙན་འཛུལ་རིང་ལུགས་ཀྱི་སྲིད་བྱུས་ཁོ་ན་ལག་བསྟར་བྱས་པའི་དཔང་རྟགས་སུ་བོད་མི་རང་ལུས་མེར་སྲེག་གཏོང་མཁན་ཐམས་ཅད་རང་ལོ་ལོ་ངོ་ ༥༠ མན་ཆད་ཤ་སྟག་ཆགས་ཡོད། བོད་མི་དེ་དག་ནི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་སོགས་གང་གི་ཆ་ནས་རྒྱ་ནག་དམར་ཤོག་གི་ལམ་ལུགས་ཉག་གཅིག་འོག་འཚར་ལོངས་བྱུང་བ་ཤ་སྟག་ཆགས་ཡོད། རང་ལུས་མེར་སྲེག་གི་གནས་སྟངས་ཐོག་བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བྱེས་གཉིས་སུ་འཁོད་པའི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་རིགས་མ་སྤེལ་རོགས་ཞེས་འབོད་སྐུལ་ཞུས་དང་ཞུ་མུས་ཡིན། གང་ཡིན་བརྗོད་ན་ང་ཚོ་ཚང་མ་འགྲོ་བ་མི་ཞིག་ཡིན་པའི་ཆ་ནས་སྡུག་བསྔལ་འདོད་ཀྱི་མེད། རང་ཉིད་ལ་སྡུག་བསྔལ་མི་འདོད་པ་བཞིན་མི་གཞན་སྡུག་བསྔལ་གྱིས་མནར་བ་མཐོང་འདོད་ཀྱི་མེད། དེར་བརྟེན་ང་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་པ་ཞིག་ཡིན་པའི་ཆ་ནས་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར་སྨོན་ལམ་རྒྱག་རྒྱུ་དང། བོད་མི་རིགས་གཅིག་པ་ཡིན་པའི་ངོས་ནས་ཁོང་ཚོར་གདུང་སེམས་མཉམ་སྐྱེ་ཞུས་པ་དང་སྦྲགས། བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་རྒྱུ་དགོས་ཞེས་པ་ནི་འདས་པོ་ཚོའི་མངོན་འདོད་ཡིན་པས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་གསོན་པོར་གནས་ཐུབ་པ་བྱ་རྒྱུར་ཕྱར་གྲུ་མཉམ་འདེགས་ཞུ་རྒྱུ་ནི་ང་ཚོས་སྐབས་བབ་ཀྱི་ལས་འགན་རྩ་བ་ཆེན་པོ་ཞིག་ཆགས་ཡོད་པར་ངོས་འཛིན་ཞུ་བཞིན་ཡོད། ཅེས་སོགས་ཀྱི་གསུང་བཤད་གནང་ཡོད་པ་བཅས།།
བཀའ་ཁྲི་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ལྷན་ཚོགས་ཐེངས་དྲུག་པའི་ཐོག་གསུང་བཤད་གནང་བ།
གསར་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)
འབྲེལ་གནས།
![](https://bod.asia/wp-content/uploads/2017/08/cropped-Central_Tibetan_Admin_Logo-1-370x370.jpeg)