༢༠༡༢ ཟླ་ ༥ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །འདི་གའི་ཆེད་གཉེར་གསར་འགོད་པ་སྒྲུབ་བརྒྱུད་ཉི་མ་ལགས་ཀྱིས་ཀུ་ལུ་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༢ ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཀུ་ལུ་ས་གནས་འགོ་འཛིན་ལས་ཁུངས་ཁྱབ་ཁོངས་མ་ན་ལི་འོན་མངའ་རིས་གྲྭ་ཚང་མདུན་དུ་ས་གནས་མི་མང་དང་པ་ཏི་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་གི་དགེ་ལས་སློབ་ཕྲུག་རྣམས་ལ་གསུང་བཤད་གནང་བ།
དེ་ཉིན་སྔ་དྲོ་ཆུ་ཚོད་ ༡༠ ཐོག་བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང༌། ནང་སྲིད་དྲུང་ཆེ་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། ས་གནས་འགོ་འཛིན་བསྟན་འཛིན་ཆོས་རྒྱལ་ལགས། རང་བདེན་ཚོགས་ཆུང་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་མི་རྣམ་པ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ས་གནས་སེར་སྐྱ་མི་མང་གྲངས་ ༣༠༠ བརྒལ་བ་ལྷན་འཛོམས་ཐོག་ས་གནས་འགོ་འཛིན་གྱིས་ངོ་སྤྲོད་གསུང་བཤད་གནང་རྗེས་བཀའ་ཁྲི་མཆོག་གིས་གསུང་བཤད་གནང་དོན། ྋགོང་ས་མཆོག་གིས་ཆབ་སྲིད་སྐུ་དབང་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་མཛད་རྗེས་མི་མང་པོར་སེམས་འཚབ་ཆེན་པོ་བྱུང་ཡོད། འཛིན་སྐྱོང་བཀའ་ཤག་ངོས་ནས་ལྟ་གྲུབ་གསུམ་དང་འབྲེལ་བའི་ལས་དོན་བྱེད་ཕྱོགས་དང་བོད་ནང་བོད་མིས་རང་སྲོག་བློས་བཏང་གི་གནས་སྟངས་ཛ་དྲག་དང་འབྲེལ་རྒྱལ་སྤྱིའི་སྡིངས་ཆར་བོད་དོན་ཁྱབ་བསྒྲགས་ཀྱི་རྒྱབ་སྐྱོར་ཡོད་མུས་ཐོག་གནས་ཡུལ་རྒྱ་གར་གཞུང་ལ་འབྲེལ་ལམ་གང་ལེགས་ཞུ་བཞིན་ཡོད། དེ་བཞིན་ཤེས་ཡོན་གལ་ཆེར་འཛིན་པའི་ཐོག་ཕ་མ་ཚོས་ཕྲུ་གུ་སློབ་གྲྭར་བསྐྱལ་བ་ཙམ་མིན་པར་ཕྱོགས་ཚང་མའི་ཐོག་ནས་རམ་འདེགས་ཡག་པོ་བྱེད་དགོས་ཞེས་སོགས་ཀྱི་ལམ་སྟོན་གསུང་བཤད་གནང་སྟེ་དྲི་བ་ཁག་ལ་ལན་འདེབས་གནང།
ཕྱི་དྲོ་མ་ན་ལི་ནས་ཕེབས་ཐོན་གྱིས་པ་ཏི་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་དུ་དགེ་ལས་སློབ་ཕྲུག་དང་གཞིས་མི་ ༡༥༠ བརྒལ་བར་བཀའ་ཤག་གི་ལས་དོན་བྱེད་ཕྱོགས་གོང་མཚུངས་ལྟར་ལམ་སྟོན་གསུང་བཤད་གནང་རྗེས་དྲི་བ་ཁག་ལན་འདེབས་གནང་ཡོད།
ཀུ་ལུ་མ་ན་ལི་ཁུལ་གྱི་ཁ་འཐོར་གཞིས་ཆགས་རྣམས་ནི་བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱུང་བྱས་རྗེས་ྋགོང་ས་མཆོག་གིས་དབུས་བོད་མི་ཕོན་ཆེ་རྒྱ་གར་དུ་བྲོས་བྱོལ་ཡོང་དགོས་བྱུང་རྗེས་ཕྱི་ལོ་ ༡༩༦༠ ཙམ་ལ་བོད་མི་མང་པོ་ཉིན་རེའི་འཚོ་རྟེན་ལམ་བཟོ་བྱས་ཏེ་ཁུལ་དེར་གནས་སྡོད་བྱེད་དགོས་བྱུང་བ་དང༌། ཕྱི་ལོ་ ༡༩༧༤ ནས་རིམ་པས་རང་གཞུང་གི་གཟིགས་སྐྱོང་འོག་བོད་མི་གྲངས་ ༡༨༣༢ ལྷོ་ཕྱོགས་གཞིས་ཆགས་སུ་བཏང་གནང་བའི་འཕྲོས་རྣམས་ཡིན་པ་དང༌། ཕྱི་ལོ་ ༡༩༨༡ ནས་ས་གནས་བདེ་དོན་ལས་ཁུངས་བཙུགས་ཏེ་ཁ་འཐོར་གཞིས་ཆགས་ཀུ་ལུ་དང་པ་ཏི་ཀུལ། མེལ་ ༡༥། རྡོ་སྦིས་དཔལ་རབ་གླིང༌། མ་ན་ལི་བཅས་ལྔ་ལ་ཁྱིམ་དུད་གྲངས་ ༣༦༨ དང་འཚོ་པ་ནི་དགུན་དུས་རྒྱ་གར་ས་ཕྱོགས་གང་སར་བལ་གོས་སུད་ཚོང་དང་དབྱར་དུས་སུ་ཁུལ་དེ་རང་དུ་ཚོང་རྒྱག་པ་དང་ད་དུང་རེ་ཟུང་ལམ་བཟོར་ཕེབས་མཁན་ཡང་ཡོད། མི་འབོར་གྲངས། ༡༥༠༥ དང༌། དགོན་པ་ཁག་ནི་དྭགས་པོ་བཤད་སྒྲུབ་གླིང༌། འོན་མངའ་རིས་གྲྭ་ཚང༌། བདེ་ཆེན་ཆོས་འཁོར་གླིང༌། བསམ་གཏན་ཆོས་འཁོར་གླིང་བཅས་ཡོད་འདུག
པ་ཀུལ་བོད་ཁྱིམ་ལག་ཤེས་སློབ་གཉེར་ཁང་འདི་ནི་ཕྱི་ལོ་ ༢༠༠༤ ལོར་བོད་ཁྱིམ་སློབ་གྲྭ་ཁག་གི་ལག་ཤེས་ལྷ་བྲིས་པ་རྣམས་ཟླ་སྒྲིལ་གྱི་བཙུགས་ཏེ་དུས་ཡུན་ལོ་ལྔ་ཡིན་པ་དང་ཕྱི་ལོ་ ༢༠༠༦ ནས་སུ་ཇ་སློབ་གྲྭ་ནས་ཚེམ་བུའི་སྡེ་ཚན་གནས་སྤོས་ཀྱི་སྦྱོང་བརྡར་ལོ་ཡུན་བཞི་ཡིན་པ་དང་ད་བར་ལྷ་བྲིས་ཐོན་པའི་སློབ་མ་གྲངས་ ༡༥༦ དང་ཚེམ་བུའི་ཐོན་པ་ ༡༤༠ བྱུང་ཡོད་འདུག་ལ་དགེ་རྒན་ལས་བྱེད་གྲངས་ ༢༤ དང་ལྷ་བྲིས་ལོ་རིམ་ཁག་ལྔའི་ནང་སློབ་མ་གྲངས་ ༨༨ དང་ཚེམ་བུ་ལོ་རིམ་གསུམ་ནང་སློབ་མ་གྲངས་ ༢༦ བསྡོམས་སློབ་མ་གྲངས་ ༡༡༤ ཡོད་འདུག་པ་བཅས།།
བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཀུ་ལུ་མ་ན་ལི་ཁུལ་དུ་འཚམས་གཟིགས་གནང་བ།
གསར་གནས།
འབྲེལ་གནས།