༢༠༡༢ ཟླ་ ༥ ཚེས་ ༡༤ རེས་གཟའ་ཟླ་བ།
༄༅། ཕྱི་ལོ ༢༠༠༩ ནས ༢༠༡༢ བར་དུ་སྐབས་འདིའི་ཕ་རན་སིའི་བོད་རིགས་ཚོགས་པའི་རྒྱུན་ལས་ལྷན་ཚོགས་ཀྱིས་དབུ་ཁྲིད་འོག་ལས་དོན་སྣེ་མང་བསྒྲུབས་ཡོད་པའི་ཁྲོད་ནས་འདིར་ཁག་གཤམ་གསལ།
- ༡༽ཕ་རན་སིའི་བོད་རིགས་ཚོགས་པ་དང་པོར་འཛུགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཡུལ་ལུང་འདིར་གནས་སྡོད་བྱེད་མཁན་བོད་རིགས་སྤུན་ཟླ་ཚོ་ཆིག་སྒྲིལ་བྱས་ཏེ་ཕ་རན་སིའི་སྤྱི་ཚོགས་ཁྲོད་དུ་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ངོ་བོ་དང་ཆོས་དང་རིག་གཞུང་བཅས་ངོ་སྤྲོད་དང་ཁྱབ་སྤེལ་བྱ་རྒྱུ་ཡིན་ཞེས་ཚོགས་པའི་སྒྲིག་གཞིའི་ནང་འཁོད་ཡོད་པ་ལྟར་ལོ་རེར་ཉིན་གཉིས་རིང་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་ལས་འགུལ་ཞིག་ཕྱི་ལོ་ ༢༠༠༩ ནས་གསར་གཏོད་བྱས་ཏེ་ (Lasalon de la Culture tibétaine) ༢༠༡༡ བར་དུ་མི་ཚོགས་སྟོང་ཕྲག་ལྷག་འདུས་ཐུབ་པའི་བོད་ཀྱི་རིག་གཞུང་འགྲེམས་སྟོན་གྱི་ལས་འགུལ་སྤེལ་ཡོད།
- ༢༽དཔལ་ཡོན་སློབ་གྲྭའི་སྐོར། བོད་རིགས་ཚོགས་པའི་རྒྱུན་ལས་འགན་བཞེས་ཏེ་ཕ་རི་སིའི་རྫོང་ཁག་ ༡༡ གི་སྤྱི་ཁྱབ་སྐུ་ཞབས་པ་ཐི་རེག་བུ་ལོ་ཤེར་མཆོག་གིས་འཛིན་ཁང་ཞིག་རིན་མེད་གཡར་བ་དང་། ད་ཕན་ལོ་གསུམ་རིང་བེད་སྤྱོད་བྱས་དང་བྱེད་མུས་རེད། དེ་ནི་གཙོ་བོ་ཕ་རན་སིར་འཚར་ལོངས་བྱེད་བཞིན་པའི་བོད་ཕྲུག་ཚོའི་ཆེད་དུ་བོད་ཀྱི་དཔལ་ཡོན་སློབ་གྲྭ་ཞེས་རེས་གཟའ་ཉི་མའི་བོད་ཡིག་འཛིན་གྲྭ་ཞིག ཕྱི་ལོ་ ༢༠༠༩ ལོའི་ནས་འགོ་བཙུགས་ཏེ་ལོ་ངོ་གསུམ་ལྷག་ཕྱིན། འཛིན་རིམ་ཁག་གསུམ་ཙམ་དང་སློབ་ཕྲུག་ཁྱོན་བསྡོམས་ ༤༦ ཡོད།
- ༣༽འདས་པའི་ལོ ༩ ལྷག་གི་རིང་བོད་རིགས་ཚོགས་པས་བསགས་པའི་སྤྱི་དངུལ་དེ་ཁང་གླ་ཆེད་གང་བྱུང་འགྲོ་སོང་གཏོང་མི་དགོས་པར་ཚོགས་པའི་ལས་འགུལ་གང་མང་ཅིག་ཁང་པ་རིན་མེད་ཐོབ་ཐབས་བྱས་ཏེ་ལས་འགུལ་མང་དག་ཅིག་སྤེལ་ཡོད། དཔེར་ན། སན་འགུ་རན་ཤན་གྲོང་ཁྱེར་སྤྱི་ཁྱབ་དང་འབྲེལ་བ་བཟུང་སྟེ་ཚོགས་འདུ་མང་པོ་རིན་མེད་ཀྱིས་སྒོ་ནས་སྐོང་ཐུབ་ཡོད།
- ༤༽ཕྱི་ལོ་ ༢༠༡༠ ཟླ་བ་ ༤ ཚེས ༡༥ ཉིན་སྔ་དྲོ་བོད་ཁམས་དགའ་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཆེན་པོ་ཞིག་བྱུང་སྟེ་རང་རིགས་བོད་མི་སྟོང་ཕྲག་ལས་བརྒལ་བ་འདས་གྲོངས་ཕྱིན་སྐབས་ཕ་རན་སིའི་བོད་རིགས་ཚོགས་པས་མ་བསྐུལ་དང་བླངས་ཀྱིས་འགན་བཞེས་ཏེ་ཞལ་འདེབས་སློང་བའི་ལས་འགུལ་ཞིག་སྤེལ་ཡོད། མཐའ་མར་ཡུ་སྒོར་ཉིས་ཁྲི་ཉིས་སྟོང་བཞི་བརྒྱ་བརྒྱད་ཅུ་གྱ་གསུམ་ ༢༢༤༨༣ ཕ་རན་སིར་བཅའ་བཞུགས་རང་གཞུང་སྐུ་ཚབ་དོན་གཅོད་ལས་ཁུངས་སུ་ཕུལ་ཏེ་བཞུགས་སྒར་རྡ་སའི་བོད་མིའི་སྒྲིག་འཛུགས་ཀྱིས་འབྲེལ་ཡོད་ལ་འཕྲོད་ཐབས་གང་རོགས་ཞེས་ཞུས།
- ༥༽ཆབ་སྲིད་དང་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཁག་ནི་ཕ་རན་སིའི་བོད་རིགས་ཚོགས་པའི་མཚན་ཐོག་ནས་ཚོགས་གཙོས་བོད་དོན་དང་འབྲེལ་བའི་ཕ་རན་སིའི་གསར་འགྱུར་བརྒྱུད་ལམ་ཁག
བརྙན་འཕྲིན་དང་རླུང་འཕྲིན་ཚན་པ་སོ་སོར་བོད་དོན་ངོ་སྤྲོད་ཀྱི་གཏམ་བཤད་དང་བགྲོ་གླེང་ཁག་ལ་དུས་དང་རྣམ་པ་ཀུན་ཏུ་གང་ཐུབ་མཉམ་ཞུགས་བྱས་ཡོད། ཕ་རན་སིའི་གྲོས་ཚོགས་གོང་འོག་གི་བོད་དོན་རྒྱབ་སྐྱོར་གྲོས་ཚོགས་ཀྱི་འཐུས་མི་ཁག་འབྲེལ་བ་དམ་ཟབ་ཞུས་ཡོད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་ལས་འགུལ་དང་ཚོགས་འདུར་ཐེངས་མང་རིང་མཉམ་ཞུགས་གང་ཐུབ་ཞུས་ཡོད། ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་སླེབས་པའི་མི་རིགས་འདྲ་མིན་དང་མཉམ་སྦྲེལ་བྱས་ཏེ་ལོ་རེར་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ཐུན་མོང་གིས་སྲུང་བརྩི་ཞུས་དང་ཞུ་མུས་ཡིན། བོད་རིགས་ཚོགས་པས་འགོ་ཁྲིད་དེ་རྒྱ་རིགས་མང་གཙོའི་དོན་གཉེར་བ་ཚོ་དང་འབྲེལ་བ་དམ་ཟབ་བྱས་ཏེ་བོད་དོན་དང་འབྲེལ་བའི་ལས་འགུལ་སྤེལ་སྐབས་ཁོང་ཚོ་མང་དག་ཅིག་གིས་ང་ཚོའི་ལས་འགུལ་ནང་མཉམ་ཞུགས་གནང་ཡོད།
རང་གཞུང་གི་དབུ་མའི་ལམ་གྱི་སྲིད་བྱུས་དགོངས་དོན་དག་རྒྱ་རིགས་ཚོར་གསལ་བཤད་དང་ཕན་ཚུན་བསམ་ཚུལ་བརྗེ་ལེན་ཐེངས་མང་བྱས་ཡོད། - ༦༽ཕ་རན་སིའི་བོད་རིགས་ཚོགས་པས་འདས་པའི་ལོ་མང་རིང་ལ TCV Select སློབ་མ་གཉིས་ལ་ལོ་རེར་ཡུ་སྒོར་ ༡༠༠༠ སློབ་ཡོན་གྱི་སྦྱིན་བདག་བྱས་ཡོད། བོད་རིགས་ཚོགས་པས་ཕ་རན་སིའི་ལྷོ་ཕྱོགས་སུ་གྲོང་བརྡལ་ཁས་རེས་crest རྫོང་དཔོན་སྐུ་ཞབས Herve MARITON མཆོག་ལ་འབྲེལ་བ་ཞུས་ཏེ་ཁོང་གིས་་བོད་རིགས་སློབ་མ་གཉིས་ལ་ལོ་གཉིས་རིང་གི་སློབ་ཡོན་གནང་རྒྱུ་ཞལ་བཞེས་ཐོབ་ཏེ་སློབ་མ་གཉིས་སློབ་སྦྱོང་དུ་བཏང་ཟིན།
- ༧༽ཕ་རན་སིའི་བོད་རིགས་ཚོགས་པས་འགོ་ཁྲིད་འོག་ཡུ་རོབ་བོད་རིགས་ཚོགས་པ་རྒྱལ་ཁབ་ཁག་ ༡༢ ནས་ཕེབས་པའི་འཐུས་མི་ ༦༠ ལྷག་ཕྱི་ལོ ༢༠༡༠ ཟླ་བ ༡༠ ཚེས་ ༡༧ ནས་ཉིན་གཉིས་རིང་ཡུ་རོབ་བོད་རིགས་མི་མང་ཚོགས་ཆེན་ཐེངས་གཉིས་པ་སྐོང་ཚོགས་གནང་ཡོད། དེའི་སྐབས་ཀྱི་འགྲོ་སོང་གི་ལྷག་མ་ཡུ་སྒོར ༧༦༧༥་༤༢ བཅས་བོད་རིགས་ཚོགས་པའི་དངུལ་ཁང་ནང་དུ་ཟུར་དུ་བཞག་ཡོད།
- ༨༽ཕ་རན་སིའི་བོད་རིགས་ཚོགས་པའི་གོ་སྒྲིག་འོག་ཏུ་ཕྱི་ལོ་ ༢༠༠༩ ནས་ ༢༠༡༢ བར་དུ་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་མང་དག་སྤེལ་ཡོད། ༸གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་དང་མང་གཙོ་དུས་ཆེན་དེ་བཞིན་ནང་ཆོས་ངོ་སྤྲོད་ཀྱི་ལས་འགུལ་སོགས་གང་ཐུབ་སྤེལ་ཡོད།
- ༩༽བོད་རིགས་ཚོགས་པའི་ཟློས་གར་ཕ་རན་སིའི་ས་ཁུལ་ཁ་ཤས་སུ་རིག་གཞུང་འཁྲབ་སྟོན་སོགས་ཞུ་ཐུབ་ཡོད། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས ༦ ཉིན་ཕ་རི་སིའི་རྫོང་ཁག་ ༡༡ གི་ཚོགས་ཁང་ཆེན་མོའི་ནང་དུ་བོད་དང་གདུང་སེམས་མཉམ་བསྐྱེའི་ཉི་མོ་ཞིག་སྲུང་བརྩི་ཞུས་ཡོད།
- ༡༠༽ཚོགས་གཙོ་ཟུར་པས་ཕྱི་ལོ་ ༢༠༡༡ ཟླ ༢ ཚེས་ ༢༡ ཉིན་བཞུགས་སྒར་དུ་ངོ་བཅར་ཐོག་༸གོང་ས་མཆོག་གི་གཟིམ་ཆུང་མཇལ་ཁ་ཞུས་ཏེ་མགོན་པོ་གང་ཉིད་ཕ་རན་སིའི་བོད་རིགས་ཚོགས་པས་གདན་འདྲེན་ཞུས་པ་ལྟར་ཕ་རན་སིར་ཆིབས་སྒྱུར་བསྐྱངས་ཏེ་མང་ཚོགས་ལ་ནང་ཆོས་ངོ་སྤྲོད་ཀྱི་གསུང་ཆོས་དང་དེ་བཞིན་དེང་དུས་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་བཀའ་སློབ་སྩལ་ཡོད་པ་བཅས།།
ཕ་རན་སིའི་བོད་རིགས་ཚོགས་པའི་ལས་ཁུངས་ནས ༢༠༡༢ ཟླ ༥ ཚེས ༡༠ ལ།།