༢༠༡༢ ཟླ་ ༥ ཚེས་ ༡༨ རེས་གཟའ་པ་སངས།
༄༅། ། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་གནས་མཆོག་མཚོ་པདྨར་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གསར་འཛུགས་ཀྱིས་དབུ་འབྱེད་མཛད་སྒོ་ཚོགས་ཡོད། ཡན་ལག་སྨན་རྩིས་ཁང་གསར་པ་དེའི་དབུ་འབྱེད་དེ་བཞིན་འབྲི་གུང་བཀའ་བརྒྱུད་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པའི་བླ་མ་དབོན་སྤྲུལ་རིན་པོ་ཆེ་མཆོག་གིས་གནང་ཡོད། མཛད་སྒོའི་སྐབས་སྐུ་མགྲོན་གཞན་རྣམས་ནི་རི་ཝལ་སར་གྲོང་ཚོའི་འགོ་གཙོ་སྐུ་ཞབས་བྷན་སི་ལལ་དང་ (Mr. Bansi lal) དང་རྒྱ་གར་ས་གནས་སྤྱི་མི་སྐུ་ཞབས་ (Mr. Tej singh) པོན་ཌོ་འི་ས་འགོ་བསྟན་འཛིན་བཟང་མོ་ལགས། ས་འཐུས།
དེ་བཞིན་གཡས་གཡོན་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་ཆེ་ཆུང་རྣམས་ཀྱི་མཁན་ལས་ཟུར་བཅས་ཕེབས་ཡོད། སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་སྐུ་ཞབས་ཚེ་རིང་ཕུན་ཚོགས་ལགས་ཡིན་འདུག ཕྱི་ལོ་ ༡༩༩༨ ནས་ད་བར་ལོ་ངོ་བཅུ་བཞི་རིང་ཟླ་རེའི་མཚམས་སུ་གནས་མཆོག་མཚོ་པདྨའི་ཡུལ་མི་སྤྱི་དང་ལྷག་པར་ཕྱོགས་མཐའི་གནས་སྐོར་བ་དང་། དེ་བཞིན་རི་ཁྲོད་མཚམ་ཁང་སོགས་ལ་སྨན་སྤྲོད་དང་བརྟག་དཔྱད་སོགས་ཀྱི་མཐུན་འགྱུར་སྦྱར་ཏེ་ཞབས་ཞུ་ཧུར་སྐྱེད་ཞུ་སྐབས་དབོན་སྤྲུལ་རིན་པོ་ཆེ་མཆོག དང་བླ་མ་དབང་རྡོར་རིན་པོ་ཆེ་མཆོག་བཅས་ཀྱིས་གནས་ཁང་གི་མཐུན་འགྱུར་གང་ལེགས་གནང་ཡོད་པར་ དབུས་སྨན་རྩིས་ཁང་གིས་གོ་སྐབས་དེ་བརྒྱུད་རིན་པོ་ཆེ་རྣམ་གཉིས་ལ་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་དང་པོན་ཌོ་ས་གནས་འགོ་འཛིན་ལས་ཁུངས་གཉིས་ནས་ཀྱང་ཟླ་དྲུག་དེའི་རིང་པོན་ཌོ་དང་སུན་དར་ན་གར་ས་གནས་བོད་མི་མང་ཚོགས་རྣམས་ལ་བརྡ་ཁྱབ་གཏོང་རྒྱུའི་མཚོན་པའི་རོགས་རམ་གང་ཐུབ་གནང་བར་བཀའ་དྲིན་རྗེས་དྲན་ཞུས་ཡོད། ཕྱོགས་མཚུངས་འོག་མིན་ཐུབ་བསྟན་བཤད་སྒྲུབ་གླིང་དགོན་པས་ཡན་ལག་སྨན་ཁང་གསར་པ་རྒྱག་རྒྱུར་མཐུན་འགྱུར་དང་དབུ་འབྱེད་མཛད་སྒོའི་གྲ་སྒྲིག་ཞུ་ཕྱོགས་བཅས་ཕྱོགས་གང་ཅིའི་ཐད་ནས་མཐུན་འགྱུར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད། ཐེངས་འདིའི་ཡན་ལག་སྨན་ཁང་དེ་བཞིན་དབུས་སྨན་རྩིས་ཁང་གི་ཡན་ལགས་སྨན་ཁང་ ༥༧ པ་ཆགས་ཡོད་པ་བཅས།