༢༠༡༢ ཟླ་ ༥ ཚེས་ ༢༣ རེས་གཟའ་ལྷག་པ།
༄༅། །༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༡ ཉིན་ཨོ་སི་ཊི་རི་ཡའི་གྲོང་ཁྱེར་སལ་སི་བྷག་ Salzburgཏུ་འཛམ་གླིང་ཞི་བདེ་དང་ཀུན་ཁྱབ་འགན་འཁུར། ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷན་ཚོགས་སུ་བཀའ་སློབ་སྩལ་ཡོད། ཐོག་མར་ཚོགས་བཅར་བ་ཚང་མས་བོད་ནང་ཉེ་ལམ་རང་ལུས་མེར་སྲེག་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་ཞུས། དེ་ནས་བགྲོ་གླེང་དངོས་གཞི་སྐབས་རང་ལུས་མེར་སྲེག་བཏང་བའི་དོན་རྐྱེན་ཐོག་༸གོང་ས་མཆོག་ལ་དགོངས་འཆར་ཇི་ཡོད་ཀྱི་དྲི་བ་ཞུས་པར་མགོན་པོ་གང་ཉིད་མཆོག་གིས་བཀའ་ལན་སྩལ་དོན། གནད་དོན་དེ་ཆབ་སྲིད་དང་ཧ་ཅང་འབྲེལ་བ་ཆགས་ཡོད། ངོས་རང་ཆབ་སྲིད་ནས་བགྲེས་ཡོལ་ཞུས་ཟིན། འོན་ཀྱང་ང་ཚོས་དོན་རྐྱེན་དེ་དག་རྒྱུ་རྐྱེན་ཇི་འདྲ་ཞིག་ལ་ཐུག་མིན་ཐད་རྒྱབ་ལྗོངས་ཀྱི་གནས་སྟངས་ལ་ངེས་པར་དུ་རྟོག་ཞིབ་བྱ་དགོས། རྒྱ་ནག་འགོ་ཁྲིད་མཁྲེགས་བཟུང་བ་ཚོས་ཁ་ནས་འཆམ་མཐུན་གྱི་སྤྱི་ཚོགས་བསྐྲུན་རྒྱུ་བརྗོད་བཞིན་ཡོད་ཀྱང། ལག་ལེན་ངོ་ཐོག་དེ་ལས་ལྡོག་པ་ཞིག་བྱེད་བཞིན་ཡོད། དྲག་པོས་འཆམ་མཐུན་བསྐྲུན་མི་ཐུབ། འཆམ་མཐུན་བསྐྲུན་དགོས་ན་ཡིད་ཆེས་དགོས། དྲག་པོ་བྱས་ན་ཞེད་སྣང་ཡོང་རྒྱུ་དང་དེས་ཡིད་ཆེས་མེད་པ་བཟོ་རྒྱུ་ཡིན། ཏིང་ཞའོ་ཕིང་(Deng Xiao ping) གིས་དངོས་ཡོད་གནས་ཚུལ་གཞི་རྩར་བཟུང་སྟེ་བདེན་དོན་འཚོལ་ཐབས་བྱེད་དགོས་པའི་ལམ་སྟོན་ལྟར་བྱེད་དགོས་ཀྱང་། རྒྱ་ནག་འགོ་ཁྲིད་ཚོས་ཆེད་མངགས་གཞུང་འབྲེལ་ཐོག་དྲིལ་བསྒྲགས་ལོག་པ་སྤེལ་བཞིན་ཡོད། ཁྱེད་ཚོས་བོད་ནང་དངོས་སུ་ཕྱིན་ཏེ་དངོས་ཡོད་གནས་ཚུལ་ཇི་འདྲ་ཡིན་མིན་དང། འདས་པའི་ལོ་ངོ་ལྔ་བཅུ་ལྷག་གི་རིང་གནས་སྟངས་ཇི་འདྲ་ཞིག་ཆགས་ཡོད་མེད། དེ་བཞིན་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་འདྲ་སྤེལ་དགོས་པའི་རྒྱུ་མཚན་ཇི་ཡིན་རྟོག་ཞིབ་བྱེད་དགོས། ཞེས་བཀའ་ལན་སྩལ་བ་དང་སྦྲགས་རྒྱ་མི་གཞོན་སྐྱེས་ཤིག་གིས་བཞུགས་སྒར་དུ་མགོན་པོ་གང་ཉིད་མཆོག་མཇལ་བཅར་སྐབས་ཤིག་ལ། རྒྱ་མི་དེ་ལྷ་སར་ཡོད་སྐབས་ལྷ་སའི་ཇོ་ཁང་གི་མདུན་དུ་བོད་མི་གནས་མཇལ་བ་ཚོས་ཕྱག་མཆོད་འབུལ་བྱེད་བཞིན་པའི་སྐབས་རྒྱ་མིས་ཕར་ཕྱོགས་དེར་དམག་སྦྱོང་བྱེད་བཞིན་ཡོད་སྐོར་དང། དེ་བཞིན་བོད་མི་ཚོས་གཙུག་ལག་ཁང་སོགས་ལ་གཡས་སྐོར་རྒྱག་སྐབས་རྒྱ་མིའི་དམག་མི་ཚོས་གཡོན་སྐོར་བརྒྱབ་སྟེ་དམག་སྦྱོང་བྱེད་བཞིན་ཡོད་སྐོར་སྙན་གསེང་ཞུས་ཡོད་པ་ཐུགས་དྲན་གསོ་མཛད་པ་མ་ཟད། སྐབས་དེར་རྒྱ་མི་དེས་ཁ་བྲལ་བ་དངོས་གནས་རྒྱ་ནག་གཞུང་ཆགས་ཡོད་སྐོར་བརྗོད་ཡོད་པ་བཀའ་སྩལ།
ཕྱོགས་མཚུངས་རྒྱལ་སྤྱིའི་སྟེང་རྒྱ་ནག་གི་རྣམ་པ་ཇི་འདྲ་ཞིག་དགོས་མིན་ཐད་བཀའ་སློབ་སྩལ་དོན། དེང་སྐབས་འཛམ་གླིང་ཁྱོན་དུ་མང་གཙོ་དང་རང་དབང་། སྨྲ་བརྗོད་རང་དབང་སོགས་ཀྱི་ཕྱོགས་སུ་ཁ་ཕྱོགས་འགྱུར་བཞིན་པའི་སྐབས་འདིར་རྒྱ་ནག་དང་བྱང་ཀོ་རི་ཡ་ལྟ་བུར་སྔ་ཕྱི་མ་གཏོགས་འགྱུར་བ་དེ་དག་འགོག་ཐབས་མེད། རྒྱ་ནག་མི་འབོར་དུང་ཕྱུར་བཅུ་གསུམ་ཡོད་པ་རྣམས་ལ་དངོས་ཡོད་གནས་ཚུལ་ཤེས་རྒྱུའི་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། དངོས་ཡོད་གནས་ཚུལ་དེར་གཞི་བཅོལ་ཏེ་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ཆ་ཚང་ཡོད། རྒྱ་ནག་གཞུང་གིས་འཁྱོག་བཤད་དང་དམ་བསྒྲགས་བྱ་རྒྱུ་དེ་དག་བཟང་ཕྱོགས་དང་འགལ་བ་ཞིག་ཡིན་པར་བརྟེན་ངེས་པར་དུ་མཚམས་འཇོག་བྱེད་དགོས། རྒྱ་ནག་གཞུང་གི་ཁྲིམས་ལུགས་ཀྱི་གནས་ཚད་དེ་རྒྱལ་སྤྱིའི་གནས་ཚད་དང་མཐུན་པ་ཞིག་བསླེབ་ཐུབ་པ་བྱེད་དགོས། འཛམ་གླིང་དེ་བཞིན་འགྲོ་བ་མི་རིགས་སྤྱི་ལ་དབང་བ་ལྟར་རྒྱ་ནག་དེ་བཞིན་རྒྱ་ནག་མི་མང་ལ་དབང་བ་ལས་གུང་ཁྲན་ཚོགས་པར་དབང་མེད། ཅེས་སོགས་ཀྱི་བཀའ་སློབ་སྩལ།
དེ་རྗེས་༸གོང་ས་མཆོག་གིས་བོད་པའི་གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས་ཆེད་ཡུན་རིང་ནས་རོགས་རམ་གནང་མཁན་གྱི་སྦྱིན་བདག་ལྕམ་སྐུ་ཨ་མ་ཝེ་གར་Ms Irmtraut Wager ལགས་དང་ཨལ་ཕ་རེ་ཌ་སི་ཊིང་གལ་མཆོག་Alfred Stingl དེ་བཞིན་ག་ར་ཛིའི་གྲོང་སྡེའི་སྤྱི་ཁྱབ་ཟུར་པ་མཆོག་དང་ཁོང་གི་སྐུ་ཟླ་བཅས་ལ་གསོལ་སྟོན་ཞིག་ཀྱང་གསོལ་རས་སྩལ་ཡོད་པ་བཅས།།