༢༠༡༢ ཟླ་ ༥ ཚེས་ ༢༨ རེས་གཟའ་ཟླ་བ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༦ ཉིན་གྱི་ཕྱེད་ཡོལ་ཨོ་སི་ཊོ་རི་ཡའི་རྒྱལ་ས་ཝི་ནའི་ལོ་རྒྱུས་རང་བཞིན་ལྡན་པའི་ཐང་ཆེན་ཧེལ་ལེན་པེ་ལེ་ཛའམ་དཔའ་བོ་ཐང་ཆེན་དུ་སུད་བོད་མཛའ་འབྲེལ་ཚོགས་པ་དང་ཡུ་རོབ་ཁུལ་གྱི་བོད་མི་བཅས་ནས་གོ་སྒྲིག་ཞུས་པའི་(Tibet Needs you Now)ད་ལྟའི་བོད་ལ་ཁྱེད་རང་དགོས་གལ་ཞེས་གདུང་སེམས་མཉམ་སྐྱེ་མཚོན་ཆེད་འདུ་འཛོམས་ཐེངས་གསུམ་པར་ཇི་ལྟར་སྔོན་ནས་གསོལ་འདེབས་ཞུས་དོན་ལྟར་བཀའ་བཞེས་བཟང་པོ་ཐོབ་སྟེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཁྲི་མཆོག་དབུ་བཞུགས་ཐོག་ཁྱོན་མི་མང་ཆིག་ཁྲི་བརྒལ་བར་འདུ་འཛོམས་གནང་སྟེ་ད་ལྟའི་བོད་ནང་གི་དངོས་ཡོད་ཛ་དྲག་གནས་སྟངས་རྣམས་རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་གནང་ཡོད།
དེ་ཡང་ཐོག་མར་༸གོང་ས་མཆོག་གིས་བཀའ་སློབ་སྩལ་ཡོད་པའི་ནང་བོད་ཀྱི་རིག་གཞུང་གཏོར་བརླག་གི་ཉེན་ཁའི་འོག་གནས་ཡོད་སྟབས། དུས་སྐབས་འདིར་ཐོག་མར་བོད་སྐད་ནང་ཚིག་ཁ་ཤས་ཤིག་ཤོད་ཀྱི་ཡིན་ཞེས་བཀའ་ཕེབས་རྗེས་བཀའ་སློབ་སྩལ་དོན། བོད་གངས་ཅན་གྱི་ལྗོངས་སུ་དངོས་སུ་སྐྱེས་པའམ་བོད་གངས་ཅན་ལྗོངས་སུ་སྐྱེས་མེད་ནའང། སོ་སོའི་ཤ་ཁྲག་རུས་གསུམ་དེ་གངས་ཅན་པའི་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཡིན་མཁན་བོད་རིགས་ན་གཞོན་ཁྱེད་རང་ཚོ་ཚང་མར་བརྗོད་རྒྱུར། ང་ཚོ་བོད་གངས་ཅན་པ་ཞེས་སྤྱིར་བཏང་བཤད་ན། འགྲོ་བ་མིའི་སྲིད་པ་ཆགས་པའི་དུས་ནས་བཟུང་མི་རིགས་ཤིགས་ཆགས་ཡོད། ས་འོག་ནས་གནའ་རྫས་ཐོན་པར་གཞི་གཞག་ན། ཧ་ལམ་སྟོང་ཕྲག་བརྒྱད་དགུ་དང་། ས་ཆ་ཁག་གཅིག་ལ་ལོ་སྟོང་ཕྲག་སུམ་ཅུ་ཕྱིན་ཡོད་པའི་སྐད་ཆ་ཤོད་ཀྱི་འདུག དེར་བརྟེན་གནའ་རབས་ཀྱི་མི་རིགས་ཤིག་ཆགས་ཡོད། ལྷག་པར་བོད་མི་རིགས་ལ་སོ་སོའི་སྐད་ཙམ་མ་ཟད་ཡི་གེ་ཡོད། ལེགས་སྦྱར་དང་ཐག་ཉེ་ཤོས་དེ་བོད་པའི་ཡི་གེ་ཆགས་ཡོད། དེར་བརྟེན་ང་རང་ཚོའི་མི་རིགས་ལ་སྤོབས་སེམས་སྐྱེ་རྒྱུའི་རྒྱུ་མཚན་ལྡན་པ་ཞིགས་ཆགས་ཡོད། ཡི་གེ་དེའི་ནང་དེ་རིང་ཁ་སང་འཛམ་གླིང་འདིའི་ནང་ཆོས་ལུགས་གཙོ་ཆེ་བ་ཞིག་ནང་པའི་ཆོས་ལུགས་ཆགས་ཡོད། ནང་པའི་ཆོས་ལུགས་དང་ལྷག་པར་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་སངས་རྒྱས་པའི་ཆོས་ལུགས་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་མཐིལ་ཕྱིན་པ་ཞིག་བོད་སྐད་ནང་འགྲེལ་བཤད་རྒྱག་ཐུབ་པ་ཞིག་ཡོད། དེ་བོད་སྐད་ནང་མ་གཏོགས་སྐད་ཡིག་གཞན་དག་ནང་ཕལ་ཆེར་འགྲེལ་བཤད་རྒྱག་ཐུབ་མེད་པ་ལྟ་བུ་འདུག དེར་བརྟེན་ང་རང་ཚོ་བོད་གངས་ཅན་པ་ཞེས་པ་དེ་མི་རིགས་རྙིང་པ་ཞིག་ཡིན། སོ་སོའི་ཆོས་དང་རིག་གཞུང་རྒྱ་ཆེ་གཏིང་ཟབ་ཅིག་ཡོད། གནའ་རབས་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་ཡོད་པ་མ་ཟད། ད་ལྟའི་དུས་རབས་ཉེར་གཅིག་པ་འདི་ལ་འབྲེལ་བ་དང་ཕན་ཐོགས་ཡོད་པའི་རིག་གཞུང་ཞིག་ཆགས་ཡོད། འཛམ་གླིང་འདིའི་ཐོག་ཕན་ཐོགས་ཡོད་པའི་བོད་པའི་རིག་གཞུང་སྲུང་སྐྱོབ་སྤྱི་དང་ཡང་སྒོས་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ང་ཚོའི་ལས་འགན་ཆེ་ཤོས་ཆགས་ཡོད། དེ་ངོས་ཀྱིས་ཁྱེད་ཚོར་ཤོད་འདོད་བྱུང་། སོ་སོའི་གཅེས་ནོར་ངོ་ཤེས་པ་བྱས་ཏེ་བདག་པོ་རྒྱག་རྒྱུ་ང་ཚོ་བོད་པའི་ལས་འགན་རེད། ང་ཚོ་བོད་རིགས་ཡིན་ཕྱིན་ཆད་ལ་རང་ཉིད་ཀྱི་སྐད་དང་རིག་གཞུང་། དེ་བཞིན་སངས་རྒྱས་པའི་ཆོས་ཟབ་ཞིང་རྒྱ་ཆེའི་ལྟ་གྲུབ་འདོན་པ་དང་སྨོན་ལམ་རྒྱག་རྒྱུའི་སྐད་ཆ་གང་ཡང་མིན། སངས་རྒྱས་པའི་ཆོས་ཀྱིས་གཞི་དངོས་པོའི་གནས་ཚུལ་ལ་འགྲེལ་བཤད་རྒྱག་སྐབས་ཚན་རིག་སླེབས་ཀྱི་ཡོད། ལམ་གྱི་རྣམ་གཞག་ཤོད་སྐབས་ལྟ་གྲུབ་ཟབ་པོ་སླེབས་ཀྱི་ཡོད། ཆོས་དང་རིག་གཞུང་བདག་པོ་བརྒྱབ་ཅེས་པ་དེ་མཆོད་ཤོམ་ནང་སྐུ་འདྲ་དང་དཔེ་ཆ་བསྒྲིགས་པའི་སྐད་ཆ་གང་ཡང་མིན། ཆོས་དང་རིག་གཞུང་བདག་པོ་བརྒྱབ་ཅེས་པ་དེ་སློབ་སྦྱོང་བྱས་ཏེ་སེམས་ནང་གོ་རྟོགས་ཡོང་བ་བྱེད་དགོས། དེ་དག་ཡོད་པའི་ཐོག་སོ་སོའི་སྒོ་གསུམ་གྱི་སྤྱོད་པ་དངོས་གནས་དྲང་གནས་སེམས་པ་བཟང་པོ་དང་དྲང་པོ་དྲང་གཞག་ཡ་རབས་བྱེད་རྒྱུ་ཞིག་དགོས། བདག་པོ་རྒྱག་སྟངས་དེ་འདྲ་རེད་མ་གཏོགས་དོན་མེད་ཀྱི་སྐད་འབོད་བྱས་ཏེ་དོན་དངོས་སོ་སོའི་ཆོས་དང་རིག་གཞུང་བདག་པོ་རྒྱག་མ་ཐུབ་ན། དགོས་དོན་ཚང་མེད། དེ་བཞིན་བོད་ཀྱི་ཁོར་ཡུག་ལ་ཉམས་ཆག་འགྲོ་གི་ཡོད། དེ་ལྟར་མུ་མཐུད་ཕྱིན་ན། ཨེ་ཤི་ཡའི་མངའ་ཁུལ་ལ་དཀའ་ངལ་འཕྲད་ངེས་རེད། གང་ལ་ཞེ་ན། བོད་ཀྱི་གངས་རི་ནས་བབས་པའི་ཆུ་དེ་དག་དབུས་ཨེ་ཤི་ཡའི་ནང་རྒྱུག་བཞིན་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་ཡོངས་ཁྱབ་འགན་ཁུར་ཡིན་སྟབས། ཚང་མས་དོ་སྣང་བྱེད་དགོས་ཞེས་བཀའ་སློབ་སྩལ་ཡོད་པ།
ཐེངས་འདིའི་ལས་འགུལ་ནང་ཡུ་རོབ་ཡུལ་གྲུ། ཨོ་སི་ཊོ་རི་ཡ་དང་། སུད་སི། ཇར་མི་ནི། ཕ་རན་སི། ནོར་ཝེ། པོ་ལན་ཌེ། ཌེན་མཀ ཨི་ཊ་ལི། སུད་ཌན་སོགས་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཁྱོན་མི་གྲངས་ཆིག་ཁྲི་བརྒལ་བ་འདུ་འཛོམས་བྱུང་ཡོད། དེ་བཞིན་ཕ་རན་སིའི་ཕྱི་སྲིད་བློན་ཆེན་ཟུར་པ་མཆོག་ཀྱང་ཆེད་ཕེབས་ཀྱིས་གསུང་བཤད་གནང་འདུག་པ་བཅས། །