༢༠༡༢ ཟླ་ ༥ ཚེས་ ༢༢ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཨོ་སི་ཊོ་རི་ཡའི་མངའ་སྡེ་ (Carinthian) ཁ་རིན་ཐི་ཡ་་མེ་སེ་ཚོགས་ཁང་དང་པོའི་ནང་ཁྱོན་མི་གྲངས་ ༥༠༠༠ བརྒལ་བར་བྱམས་བརྩེའི་བཀའ་སློབ་སྩལ་རྗེས་མངའ་སྡེ་ཁ་རིན་ཐི་ཡའི་གྲོང་སྡེ་སྤྱི་ཁྱབ་པ་མཆོག་གིས་མགོན་པོ་གང་ཉིད་མཆོག་ལ་ཆེ་བསྟོད་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་པ་དང་ཆབས་ཅིག་གསུང་བཤད་གནང་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་འཛམ་གླིང་འདིའི་ནང་འགྲོ་བ་མིའི་སེམས་རྒྱུད་ལ་བྱམས་བརྩེའི་སློབ་གསོ་མཛད་མཁན་འགྲན་ཟླ་བྲལ་བ་ཞིག་རེད། སྐུ་ཉིད་མཆོག་ང་ཚོའི་ཡུལ་གྲུར་ཆིབས་སྒྱུར་བསྐྱངས་པ་ཙམ་གྱིས་ང་ཚོར་དགའ་སྣང་གི་རང་བཞིན་ཞིག་སླེབས་ཀྱི་འདུག དཔེར་ན། ཁ་སང་ཁ་ཉིན་དབང་པོ་སྐྱོན་ཅན་ཁག་གཅིག་གིས་སྐུ་ཉིད་མཆོག་ཞལ་མཇལ་ཞུ་བར་བཅར་སྐབས་གང་ཉིད་མཆོག་གིས་ཐུགས་བརྩེ་བ་ཆེན་པོས་ཁོང་ཚོར་འཚམས་འདྲི་དང་མི་མང་ལ་བྱམས་བརྩེའི་བཀའ་སློབ་སྩལ་ཡོད་པ་མ་ཟད། བོད་ཀྱི་རིག་གཞུང་ཁང་གི་མཐུན་འགྱུར་ཆེད་ཨ་སྒོར་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ཐམ་པ་གསོལ་རས་སྩལ་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཛམ་གླིང་ཞི་བདེ་དང་ཡང་སྒོས་འགྲོ་བ་མིའི་རིགས་ཀྱི་སེམས་རྒྱུད་ལ་བྱམས་བརྩེའི་བསམ་བློ་དགོས་སྐོར་བཀའ་སློབ་སྩལ་བར་ཐུགས་རྗེ་ཆེ་ཞུ་སླད་ང་ཚོའི་མངའ་སྡེ་ནས་འདི་ལོའི་གསེར་གྱི་གཟེངས་རྟགས་འདི་སྐུ་ཉིད་མཆོག་ལ་འབུལ་ལམ་ཞུ་རྒྱུ་ཡིན་ཞེས་ཞུས་ཏེ་གཟེངས་རྟགས་འབུལ་ལམ་ཞུས་ཡོད། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མངའ་སྡེའི་བློན་ཆེན་མཆོག་ལ་སྟོན་པའི་སྐུ་ཐང་ཞིག་ཕྱག་རྟགས་སུ་གསོལ་རས་སྩལ་ཏེ་བཀའ་སློབ་སྩལ་དོན། ངོས་ཀྱིས་ཁྱེད་རང་ལ་ཕུལ་བའི་སྟོན་པའི་སྐུ་འདི་ནི་ང་ཚོ་ནང་པའི་ཞིག་གི་ངོས་ནས་དད་ལྡན་དུ་གཅེས་ཉར་གྱིས་རྒྱུན་དུ་གསོལ་བ་སྨོན་ལམ་འདེབས་ཀྱི་རེད། དེ་བཞིན་ནང་པ་མི་མཁན་ཚོས་ཀྱང་རིག་པའི་གཞུང་ལུགས་ལ་ངོས་འཛིན་གྱིས་གཅེས་ཉར་བྱས་ཀྱང་ཆོག སྟོན་པ་བཅོམ་ལྡན་འདས་མཆོག་གིས་མཛད་པའི་རིག་པའི་གཞུང་ལུགས་དེ་དག་ལ་བརྟག་དཔྱད་བྱེད་དགོས་པའི་བཀའ་ཕེབས་ཡོད། དེ་ནི་ཧ་ཅང་རིན་ཐང་ཆེན་པོ་རེད། དེ་བཞིན་ཁྱེད་རྣམས་ཀྱིས་མཛའ་སེམས་འཁོལ་བའི་ངང་ནས་ངོས་ལ་དགའ་བསུ་དང་གཟེངས་རྟགས་གནང་བར་ཧ་ཅང་དགའ་པོ་བྱུང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འདིར་ཕེབས་པའི་མི་དམངས་མང་ཆེ་བས་ཆོས་གྲོགས་ཀྱི་འདུ་ཤེས་འཛིན་ནས་ཕེབས་ཡོད་པར་བརྟེན། རང་གཞན་ཚང་མ་བདེ་བ་འདོད་པ་གཅིག་མཚུངས་ཆགས་ཡོད་པས་ཁྱད་པར་གང་ཡང་མེད། དེར་བརྟེན་དགོས་པའི་བདེ་བ་སྒྲུབ་ཐབས་དང་མི་དགོས་པའི་སྡུག་བསྔལ་སྤོང་ཐབས་ཐོག་ཚང་མས་འབད་བརྩོན་བྱེད་བཞིན་ཡོད། གལ་ཆེ་ཤོས་དེ་རྒྱུན་དུ་ནས་ལས་འབྲས་ཀྱི་རྣམ་གཞག་ལ་ཡིད་ཆེས་ཐོག་བྱམས་བརྩེ་དང་བཟོད་བསྲན་གྱིས་གཞན་ལ་ཕན་ཐོགས་བྱེད་མི་ཐུབ་ཀྱང་། གནོད་འཚེའི་བསམས་པ་དོར་ན། རང་གཞན་གཉིས་ཀར་བདེ་སྐྱིད་ཡོང་གི་རེད། དངུལ་དང་དཔལ་འབྱོར་ཁོ་ནས་བདེ་སྐྱིད་བསྐྲུན་མི་ཐུབ་པས་ནང་སེམས་ཀྱི་གོ་རྟོགས་གོང་འཕེལ་གཏོང་རྒྱུ་གལ་ཆེན་ཆགས་ཡོད། ཅེས་སོགས་ཀྱི་ལམ་སྟོན་བཀའ་སློབ་སྩལ་ཡོད། དེ་ནས་མངའ་སྡེ་དེ་ནས་༸གོང་ས་མཆོག་གིས་དབུས་སྟོན་འཁོར་རྣམས་ལ་ཆེ་བསྟོད་ཞུ་ཆེད་གསོལ་སྟོན་ཞིག་ཀྱང་འབུལ་ལམ་ཞུས་ཡོད་པ་བཅས། །