༢༠༡༢ ཟླ་ ༥ ཚེས་ ༢༠ རེས་གཟའ་ཉི་མ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༠ ཉིན་གྱི་སྔ་དྲོ་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་དང་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་རྣམ་གཉིས་ཀྱིས་ཕྱི་ནང་གི་གསར་འགོད་པ་གྲངས་ ༢༥ ཙམ་ལ་རྡ་ས་གངས་ཅན་སྐྱིད་གཤོངས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་༸རྒྱལ་བའི་སྐུ་ཕྱྭའི་སྐོར་གསར་འགོད་གསལ་བསྒྲགས་སྤེལ་ཡོད། དེ་ཡང་ཐོག་མར་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ལགས་ཀྱིས་གསར་འགོད་པ་ཚོར་འཚམས་འདྲི་དང་གོང་གསལ་བཀའ་བློན་རྣམ་གཉིས་ནས་གསར་འགོད་གསལ་བསྒྲགས་སྤེལ་རྒྱུ་ཡིན་པ་ངོ་སྤྲོད་གནང་གྲུབ་རྗེས་བཀའ་བློན་ཁྲི་ཚབ་མཆོག་གིས་བཀའ་ཤག་གི་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ཐོག་ཡོད་པ་དེ་སྒྲོགས་སྦྱང་གནང་བའི་ནང་འཁོད་དོན།
ཉེ་ལམ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་རྗེས་གསར་འགྱུར་བརྒྱུད་ལམ་ཁག་གིས་ཧ་ཅང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཀྱི་གནད་དོན་དེ་ནི་ཧ་ཅང་སེམས་འཚབ་ཆེན་པོ་བྱེད་དགོས་པའི་གནད་དོན་ཞིག་ཡིན། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༨ ཉིན་བཞུགས་སྒར་རྡ་རམ་ས་ལར་དབྱིན་ཇིའི་གསར་ཤོག་སན་ཌེ་ཊེ་ལི་གྷ་རཕ་ (Sunday Telegraph) ཞེས་པའི་གསར་འགོད་པས་༸གོང་ས་མཆོག་ལ་གང་སྐུའི་སྐུ་ཕྱྭའི་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་སྐོར་བཀའ་འདྲི་ཞུས་པར། མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་དུ་བཙན་བྱོལ་ལ་འབྱོར་མ་ཐག་འབྲེལ་ཡོད་སྲུང་བྱའི་ཚན་པ་ཁག་ནས་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་ཧ་ཅང་གལ་ཆེན་པོར་བརྩིས་ཏེ་འགན་ཁུར་འཁྱེར་ཡོད་སྐོར་བཀའ་ལན་སྩལ་བ་མ་ཟད། ཉེ་ལམ་བོད་ནང་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་བོད་མི་ལས་བྱེད་ཞིག་གིས་རྒྱ་མིས་བོད་རིགས་བུད་མེད་ཁག་གཅིག་ལ་དམིགས་བསལ་སྦྱོང་བརྡར་འོག་སྐྲ་དང་མཇལ་དར་ལ་དུག་རྫས་བསྲེས་ཏེ་མཇལ་ཁ་ཞུ་ཁུལ་གྱིས་༸གོང་ས་མཆོག་གི་སྐུ་ལ་བདོ་བའི་ངན་བྱུས་ཤོམ་བཞིན་ཡོད་པའི་གནས་ཚུལ་བོད་ནས་བཏང་འབྱོར་བྱུང་ཡོད། བོད་མི་ཚོས་༸གོང་ས་མཆོག་མཇལ་ཁ་ནམ་ཞུ་སྐབས་དད་གུས་ཆེན་པོས་མཇལ་དར་འབུལ་ལམ་ཞུས་ཏེ་གང་སྐུའི་ཕྱག་དབང་ཐོབ་ཐབས་བྱེད་སྲོལ་ཡོད།
༸གོང་ས་མཆོག་གིས་གསར་འགོད་པ་དེར་སྐུ་ཕྱྭར་ངན་བྱུས་ཤོམ་བཞིན་པའི་གནས་ཚུལ་དེར་དཔྱད་ཞིབ་བྱ་ཐབས་མེད་སྐོར་བཀའ་ལན་སྩལ་ཡོད། སྤྱིར་༸གོང་ས་མཆོག་གིས་རྣམ་ཀུན་སྐུ་ཉིད་ཀྱི་སྐུ་ཕྱྭའི་ཐད་དེ་ཙམ་ཐུགས་སྣང་མཛད་ཀྱི་མེད་ཀྱང། སྐུ་ཕྱཱར་ཉེན་ཁ་འདྲ་མིན་ཡོད་པ་དེ་དག་བདེ་སྲུང་ལས་ཁུངས་ཀྱིས་ཧ་ཅང་འགན་ལྕི་བོར་རྩི་བཞིན་ཡོད།
ཕྱི་ལོ་ ༢༠༡༠ ཕྱི་ཟླ་ ༦ ནང་བོད་ནས་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་མིའི་གསང་བའི་ལས་ཁུངས་ཀྱིས་བུད་མེད་ཁག་གཅིག་ལ་དམིགས་བསལ་སྦྱོང་བརྡར་སྤྲད་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭར་གནོད་འཚེ་བྱ་རྒྱུ་མ་ཟད། སྐུ་སྲུང་བའི་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱེད་སྐབས་ཤེས་ཚོར་དཀའ་བའི་མྱོས་རྫས་དུག་རིགས་ཀྱི་རྫས་སྦྱོར་ཧ་ཅང་ཡར་ཐོན་ཅན་དེ་འདྲ་བརྒྱུད་༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་བྱ་རྒྱུའི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད། ཕྱོགས་མཚུངས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ནང་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་ནག་གསང་བའི་ལས་ཁུངས་ནས་གཡོ་ཐབས་ཀྱིས་༸གོང་ས་མཆོག་གི་སྐུའི་འཕྲོད་བཞེས་ཀྱི་གནས་སྟངས་རྒྱུས་ལོན་བྱེད་ཐབས་བྱས་པ་ཙམ་མ་ཟད། མགོན་པོ་གང་ཉིད་མཆོག་གི་སྐུའི་ཟུངས་ཁྲག་དང་ཆབ་གཅིན། དེ་བཞིན་དབུ་སྐྲ་སོགས་རག་ཐབས་ཆེད་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཁག་གཅིག་ལ་ཆེད་མངགས་བརྒྱུད་སྐུལ་བྱས་ཏེ་རྒྱ་གར་དུ་༸གོང་ས་མཆོག་མཇལ་བཅར་ཡིན་ཁུལ་གྱིས་གཏོང་ཐབས་བྱེད་བཞིན་ཡོད་པའི་གནས་ཚུལ་འབྱོར་ཡོད།
ཕྱི་ལོ་ ༢༠༠༨ ཟླ་ ༤ ཟླ་འགོར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཀྲང་ཅིན་ལིས་ (Zhang Qingli) གཞུང་གི་ལས་སྣེ་མཐོ་གྲས་ཀྱི་ཚོགས་འདུ་ཞིག་བསྐོངས་ཏེ་གསོད་དགོས་པ་རྣམས་ངེས་པར་དུ་གསོད་དགོས་པ་དང། བཙོན་འཇུག་བྱེད་དགོས་པ་རྣམས་ངེས་པར་དུ་བཙོན་འཇུག་བྱེད་དགོས། ཞེས་བསྒྲགས་ཡོད་པ་མ་ཟད། ཉེ་ལམ་ཕྱི་ལོ་ ༢༠༡༢ ཟླ་ ༢ ནང་ད་ལྟའི་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲན་ཆན་གོ་ (Chen Quanguo) གྱིས་ཁ་བྲལ་བ་ཚོར་དམག་འཐབ་བྱེད་དགོས། ཞེས་བསྒྲགས་ཡོད། ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་༸གོང་ས་མཆོག་ལ་ངོ་རྒོལ་གྱི་ལས་འགུལ་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པ་འབྲེལ་ཡོད་རྒྱ་རིགས་ལས་བྱེད་པ་ཚོར་བཀོད་མངགས་བྱས་ཡོད། དེར་བརྟེན་༸གོང་ས་མཆོག་ཨ་རི་དང་ཡུ་རོབ། ཉི་ཧོང་སོགས་སུ་ཆིབས་སྒྱུར་བསྐྱངས་སྐབས་ངོ་རྒོལ་བྱེད་མཁན་མི་མང་དག་ཅིག་གཏོང་བཞིན་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་སྤྱི་ཚོགས་དེ་བཞིན་མང་གཙོའི་ལམ་བཟང་ཐོག་བཅོས་བསྒྱུར་མཛད་ཡོད་པར་བརྟེན་གོ་སྐབས་བཟུང་སྟེ་བོད་མིའི་སྤྱི་ཚོགས་ཁྲོད་མཁྲེགས་བཟུང་ཅན་རེ་ཟུང་ལ་གདེང་སྤོབས་གསར་པ་བསླེབས་ཏེ་ལངས་ཕྱོགས་མི་མཐུན་པ་བཟུང་ཡོད་པ་ནི་དོལ་རྒྱལ་ཚོགས་པ་ཆགས་ཡོད། གནས་ཚུལ་དེ་ནི་༸གོང་ས་མཆོག་གིས་བོད་མི་ཚོར་རྡོ་རྗེ་ཤུགས་ལྡན་བསྟེན་སྲོལ་མི་རུང་བའི་ལམ་སྟོན་མཛད་པ་ནས་བཟུང་བྱུང་བ་ཞིག་ཡིན། མཁྲེགས་བཟུང་ཅན་དེ་དག་ལྷ་མི་སྲུང་སྐྱོབ་ཚོགས་པ་ (Dorje Shugden Devotees Charitable and Religious Society) ཟེར་བ་དེ་གཙོ་བོ་ཡིན། ཚོགས་པ་དེའི་ལས་ཁུངས་ཨ་མ་དེ་ཕྱི་ལོ་ ༡༩༩༦ ཕྱི་ཟླ་ ༥ ནང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བཙུགས་ཡོད། ཚོགས་པ་དེའི་རྗེས་འབྲང་ཕལ་མོ་ཆེ་གདུག་རྩུབ་ཆེ་ཤོས་ཆགས་ཡོད།
རྒྱ་གར་ཉེན་རྟོག་པས་ཚོགས་པ་དེའི་མི་སྣས་ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༢ ནང་༸གོང་ས་མཆོག་གི་བཞུགས་སྒར་ཕོ་བྲང་དང་ཧ་ཅང་ཉེ་བའི་སར་དགེ་འདུན་པ་གསུམ་དམར་གསོད་བཏང་ཡོད་པ་ངོས་འཛིན་ཐུབ་སྟེ་ནག་ཉེས་བཙུགས་ཡོད། དགེ་འདུན་པ་གསུམ་གྱི་ཁོངས་ནས་གཅིག་སྐུའི་རྒྱ་སྐད་གསུང་བསྒྱུར་ཡིན། དེར་བརྟེན་ཕྱི་ལོ་ ༢༠༠༧ ཕྱི་ཟླ་ ༦ ནང་རྒྱལ་སྤྱིའི་སྐོར་སྲུང་ལྷན་ཚོགས་ (Interpol) ཀྱིས་ལག་དམར་བ་གཉིས་འཛིན་བཟུང་ཆེད་བརྡ་ཁྱབ་བཏང་ཡོད། རྒྱ་ནག་གཞུང་གིས་གསང་བའི་ཐོག་ནས་དོལ་རྒྱལ་རྗེས་འབྲང་པ་ཚོར་རྒྱབ་སྐྱོར་བྱེད་བཞིན་ཡོད་པའི་གནས་ཚུལ་རིམ་པར་ཐོན་ཡོད། དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༣ ནང་བཙུགས་པའི་བྱང་ཨ་རིའི་དགེ་ལུགས་མཐུན་ཚོགས། ཟེར་བའི་དོལ་རྒྱལ་ཚོགས་པའི་འགོ་གཙོ་ཁག་གཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོཀ་ཏུ་རྒྱ་ནག་སྐམ་སའི་དཔོན་རིགས་ཁག་གཅིག་དང་ཐེངས་འགའ་ཐུག་འཕྲད་བྱས་ཡོད་པ་མ་ཟད། རྒྱ་ནག་ཏུའང་ཡང་སེ་སྐྱོད་བཞིན་ཡོད།
རྒྱ་གར་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་སྲུང་སྐྱོབ་ཐོག་ཐུགས་འཁུར་ཧ་ཅང་ཆེན་པོས་ལས་གཞི་དང་མཐུན་འགྱུར་ཚགས་ཚུད་གནང་དང་གནང་མུས་ཡིན་པར་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མི་ཚང་མའི་ཚབ་ཞུས་ཏེ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་དང། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱྭའི་གནད་དོན་ཐོག་འབྲེལ་ཡོད་བོད་མི་ཚང་མས་གཟབ་ནན་གནང་དགོས་པ་བོད་མིའི་སྒྲིག་འཛུགས་ཀྱིས་ནན་བསྐུལ་ཞུ་རྒྱུ་ཡིན།
ཞེས་གསར་འགོད་གསལ་བསྒྲགས་སྤེལ་གྲུབ་རྗེས་བཀའ་བློན་རྣམ་གཉིས་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་ཀྱང་གནང་ཡོད།
དེ་ཡང་གསར་འགོད་གསལ་བསྒྲགས་དབྱིན་ཡིག་ནང་ཡོད་པ་ནས་འདི་ག་ཕྱི་དྲིལ་བོད་ཡིག་ཚན་པས་ཕབ་བསྒྱུར་ཞུས་པ་གོང་གསལ་ལྟར་ལགས་ཀྱང་གཙོ་བོ་དབྱིན་ཡིག་ཐོག་རྩ་འཛིན་ཡོང་བ་ཞུ་རྒྱུ་ཡིན།