༢༠༡༢ ཟླ་ ༥ ཚེས་ ༡༧ རེས་གཟའ་ཕུར་བུ།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༦ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་རི་བྷོར་གྲོང་སྡེའི་སྤྱི་ཁྱབ་སྐུ་ཞབས་ཕེརེངྐ་ཀངྒ་ལར་ (Franc Kangler) མཆོག་གིས་གཙོས་འབྲེལ་ཡོད་ལས་བྱེད་ཁག་གཅིག་དང་མཇལ་འཕྲད་ཀྱི་བཀའ་མོལ་མཛད་སྐབས། མགོན་པོ་གང་ཉིད་མཆོག་ཕྱི་ལོ་ ༢༠༡༠ ལོར་མ་རི་བྷོར་གྲོང་ཁྱེར་དུ་ཐོག་མར་ཆིབས་སྒྱུར་བསྐྱངས་པ་ཐུགས་དྲན་གསོ་མཛད་ཡོད། སྐབས་དེར་མ་རི་བྷོར་གྲོང་སྡེའི་སྤྱི་ཁྱབ་པ་མཆོག་གིས་སོལ་ཝི་ནི་ཡའི་ཡུལ་དེ་བཞིན་སྤྱིར་བཏང་རྒྱབ་ཁབ་ཆུང་ཆུང་ཞིག་ཡིན་ཡང་དེ་སྔ་ཁུལ་དེར་ཨུ་རུ་སུ་དང་སར་བྷི་ཡ་ལྟ་བུའི་རྒྱལ་ཁབ་ཆེན་པོ་རྣམས་དང་རྐང་རྩེད་པོ་ལོའི་འགྲན་བསྡུར་སྐབས་རྒྱལ་ཁབ་དེ་གཉིས་ཕམ་པར་བྱས་ཡོད་སྐོར་སྤོབས་པ་ཆེན་པོས་སྙན་སྒྲོན་ཞུས་ཡོད། སྐབས་དེར་མགོན་པོ་གང་ཉིད་མཆོག་གིས་དྲང་བདེན་དང་བདེན་པའི་འཐབ་རྩོད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་སྐབས་སུའང་རྒྱལ་ཁབ་ཆེ་བ་ཡིན་ཚད་ཀྱིས་ཐག་གཅོད་དེ་ཡང་དག་པ་ཞིག་ཡིན་པའི་ངེས་པ་གང་ཡང་མེད་སྐོར་བཀའ་སྩལ་བ་དང་སྦྲགས། ཕྱི་ལོ་ ༡༩༥༩ ལོར་མ་ལེ་ཤི་ཡ་དང་ཨ་ཡིར་ལན་ཌི་ལྟ་བུ་རྒྱལ་ཁབ་ཆེན་པོ་མིན་ནའང་བོད་ཀྱི་གནད་དོན་སྐོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སུ་གླེང་སློང་བྱས་ཡོད་པ་མ་ཟད། སྐབས་རེ་རྒྱལ་ཁབ་ཆུང་བ་ཚོས་དཔལ་འབྱོར་གྱི་ཤུགས་རྐྱེན་འོག་མ་ཕྱིན་པར་དྲང་ཚུགས་བརྟན་པོའི་ཐོག་ནས་རྒྱལ་ཁབ་སོ་སོའི་ལྟ་གྲུབ་གཙོ་བཟུང་བྱེད་ཐུབ་ཀྱི་ཡོད་སྐོར་བཀའ་སྩལ། ཕྱོགས་མཚུངས་སྐབས་དེར་སོལ་ཝི་ནི་ཡའི་སྐད་ཡིག་གཙོ་བོར་གྱུར་བའི་ཁུལ་དེར་སྐད་ཡིག་འདྲ་མིན་ཡོད་པ་རྣམས་ཀྱི་སྐོར་ལའང་གྲོས་མོལ་ལྷུག་པོ་མཛད་རྗེས་༸གོང་ས་མཆོག་མ་རི་བྷོར་གཙུག་ལག་སློབ་ཁང་དུ་University of Maribor ཆིབས་སྒྱུར་བསྐྱངས་ཏེ་བཀའ་སློབ་སྩལ།
ཉིན་གུང་ལྗགས་སྨིན་གྲུབ་བསྟུན་༸གོང་ས་མཆོག་གིས་སོལ་ཝི་ནི་ཡའི་རྒྱལ་ས་མ་རི་བྷོར་དུ་མི་གྲངས་ ༢༤༠༠ ཙམ་ལ་སེམས་ཀྱི་ཞི་བདེ་སྐྲུན་ཐབས་སྐོར་བཀའ་སློབ་སྩོལ་སྐབས་དུས་རབས་ ༢༠ སྨད་ཆར་འཛམ་གླིང་མི་མང་ཚོས་འདས་པའི་ནོར་འཁྲུལ་གང་བྱུང་བ་ནས་བློ་སྐྱེད་བླང་སྟེ་ཡར་རྒྱས་དང་འགྱུར་བ་ཕྱིན་པར་བསྟོད་བསྔགས་མཛད་པ་དང་སྦྲགས་བཀའ་སློབ་སྩལ་དོན། བྷར་ལིང་རྩིག་པ་བཤིག་རྗེས་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད། དྲང་དམག་གི་དུས་སྐབས་སུ་ལྟ་གྲུབ་མི་མཐུན་པ་གཉིས་དབར་གྱི་རྩོད་རྙོག་མཇུག་བསྒྲིལ་ཏེ་མི་མང་ཚོས་གོ་ལའི་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ། དེ་བཞིན་གོ་ལའི་ཚ་དྲོད་ཇེ་ཆེར་འགྲོ་བཞིན་པའི་དཀའ་ངལ་སེལ་ཆེད་སེམས་འཚབ་ཆེན་པོས་གོ་རྟོགས་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ་མ་ཟད།
ཆོས་ལུགས་ཕན་ཚུན་དབར་སྔར་བས་མཐུན་སྒྲིལ་ཇེ་བཟང་གིས་ཕན་ཚུན་གུས་བརྩི་ཞུ་རྒྱུའི་ལམ་སྲོལ་བཟང་པོ་རིམ་བཞིན་གོང་འཕེལ་འགྲོ་བཞིན་ཡོད་པར་བརྟེན། ངོས་ལ་བཟང་ཕྱོགས་ཀྱི་རེ་བ་ཆེན་པོ་ཡོད། ཅེས་བཀའ་སྩལ་བ་དང་སྦྲགས་ཕུལ་དུ་བྱུང་བའི་མིའི་ལེགས་ཉེས་རྣམ་པར་འབྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ལ་ཡི་རང་མཛད་པ་དང་སྦྲགས། འཇིགས་སྣང་དང་ཕྲག་དོག ཁོང་ཁྲོའི་བསམ་པ་སོགས་ཀྱིས་སེམས་རྒྱུད་དཀྲུག་རྐྱེན་བྱས་པ་དང། དེ་ལས་ལྡོག་སྟེ་གཞན་གཅེས་འཛིན་གྱི་བྱམས་བརྩེའི་བསམ་པས་སེམས་ནང་སྙིང་སྟོབས་འཕར་མ་བསྐྲུན་ཏེ་སེམས་ཞི་བདེ་བག་ཕེབས་ཡོང་རྒྱུར་མཐུན་རྐྱེན་བྱེད་བཞིན་ཡོད་སྐོར་བཀའ་སློབ་སྩལ། ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་སྐབས་དེར་ཚན་རིག་པའི་བརྟག་དཔྱད་ཀྱི་ལམ་ནས་སེམས་ཀྱི་ཞི་བདེ་དང་ལུས་ཀྱི་བདེ་ཐང་གཉིས་ལ་འབྲེལ་བ་ཡོད་པ་ཙམ་མ་ཟད། སེམས་ཀྱིས་ལུས་ལ་དབང་བསྒྱུར་བྱེད་ཐུབ་ཀྱི་ཡོད་སྐོར་སོགས་བཀའ་སློབ་སྩལ། དེ་རྗེས་མང་ཚོགས་ཀྱི་དྲི་བར་བཀའ་ལན་སྩལ།
ཕྱི་ཚེས་ ༡༧ ཉིན་༸གོང་ས་མཆོག་གིས་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཁག་གཅིག་དང་ལྷན་འཛོམས་ཐོག་གོ་ལའི་རྩོད་རྙོག་སེལ་ཆེད་ཆིག་སྒྲིལ་དང་གྲོས་མོལ་ལ་རྟེན་དགོས་པའི་རྒྱུ་མཚན་ཅི་ཡིན། ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་མཛད་རྒྱུ་དང། དེ་རྗེས་༸གོང་ས་མཆོག་ཨོ་སི་ཊི་རི་ཡར་ཆིབས་ཞལ་བསྒྱུར་རྒྱུ་ཡིན་འདུག་པ་བཅས།།