༢༠༡༢ ཟླ་ ༥ ཚེས་ ༡༥ རེས་གཟའ་མིག་དམར།
༄༅། །ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༡༣ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབྱིན་ཡུལ་གྱི་རྒྱལ་ས་ལོ་ཌོན་གྱི་རྒྱལ་སྤྱིའི་ནམ་ཐང་དུ་༸ཞབས་སོར་འཁོད་སྐབས་ཊེམ་པེལ་ཊོན་ཐེབས་རྩའི་སྐུ་ཚབ་སྐུ་ཞབས་ཝི་ཌ་ཁ་སི་ཌི་སྟེང་ཞལ་ནས་ཕེབས་བསུར་བཅར་ཡོད་པ་མ་ཟད། རྒྱ་གར་གཞུང་ཚབ་ལས་ཁུངས་ཀྱི་སྐུ་ཚབ་དང་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡུལ་སྐུ་ཚབ་དོན་གཅོད་ཐུབ་བསྟན་བསམ་གྲུབ་ལགས་བཅས་ཀྱིས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། དེ་ནས་ཕེབས་འགྲོ་བརྒྱུད་བཞུགས་གནས་མགྲོན་ཁང་དུ་༸ཞབས་སོར་འཁོད་སྐབས་ས་གནས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། ཆེན་པོ་ཧོར་གྱི་མི་རིགས། བལ་པོའི་མི་རིགས་སོགས་ཀྱིས་ལག་ཏུ་དཀར་གཙང་མཇལ་དར་ཐོགས་ཏེ་ཕེབས་བསུ་གཟབ་རྒྱས་ཞུས་ཡོད། ཕྱི་ཚེས་ ༡༤ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་གྱི་སན་པོལ་ (St. Paul’s Cathedral) ཡི་ཤུའི་མཆོད་ཁང་ཆེན་མོའི་ནང་ (John Templeton Foundation) ཐེབས་རྩས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་མེད་ཞི་བ་དར་སྤེལ་དང་ཆོས་ལུགས་མཐུན་སྒྲིལ། ཀུན་ཁྱབ། བཟང་སྤྱོད་ཀྱི་རླབས་ཆེན་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན་འདི་ལོའི་གཟེངས་རྟགས་འབུལ་ལམ་ཞུས་འདུག
དེ་ཡང་ཡི་ཤུ་ཆོས་དཔོན་ལྔ་ཙམ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཡི་ཤུ་མཆོད་ཁང་ཆེན་མོའི་ནང་གདན་འདྲེན་ཞུས་རྗེས་མཛད་སྒོའི་ཐོག་མར་བོད་པའི་དགེ་འདུན་པ་ཁག་གཅིག་གིས་བདེན་ཚིགས་སྨོན་ལམ་སོགས་གསུང་འདོན་གནང་གྲུབ་མཚམས་བོད་རིགས་ཁག་གཅིག་གིས་བཀྲིས་ཞོལ་པ་དང་དབྱིན་ཇིའི་མི་སྣ་ཁག་གཅིག་གིས་དབྱིན་ཇིའི་རོལ་དབྱངས་གཟིགས་འབུལ་ཞུས་ཡོད། དེ་ནས་སན་པོལ་ཡི་ཤུའི་མཆོད་ཁང་གི་ཆེན་མོ་དེའི་ཆོས་དཔོན་རཱ་པེ་མེལ་ཁ་མཆོག་གིས་འཚམས་འདྲི་ཞུས་དོན། རྣམ་པ་ཚོར་ཞུ་རྒྱུར་དེ་རིང་མཚན་སྙན་ཤིན་ཏུ་ཆེ་བའི་སན་པོལ་མཆོད་ཁང་ནང་ང་ཚོས་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་རླབས་ཆེན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མཆོག་གདན་ཞུ་ལྟར་ཆིབས་སྒྱུར་བཀའ་དྲིན་ཆེ་བ་བསྐྱངས་པར་ངས་མཆོད་ཁང་འདིའི་ནང་ནམ་རྒྱུན་ནས་འདུ་འཛོམས་བྱེད་མཁན་མི་མང་དང་དེ་བཞིན་ཡི་ཤུའི་ཆོས་ལ་དད་པ་གནང་མཁན་ཚང་མའི་ཚབ་ཞུས་ཏེ་སྐུ་ཉིད་མཆོག་ལ་ཕེབས་བསུ་དང་འཚམས་འདྲི་ཞུ་རྒྱུ་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནི་བོད་མི་རིགས་ཙམ་མ་ཟད། འཛམ་གླིང་སྤྱི་ཡོངས་ལ་ཞི་བདེ་གོང་འཕེལ་གཏོང་གནང་མཛད་མཁན་གྱི་མཚོན་རྟགས་ཤིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་ཕན་ཚུན་གུས་བརྩི་དང་བཟོད་བསྲན་བྱེད་པའི་ལམ་སྟོན་བཀའ་སློབ་བོད་མི་ཁོ་ནར་མ་ཡིན་པར་འགྲོ་བ་མི་རིགས་ཡོངས་ལ་ལམ་སྟོན་མཛད་བཞིན་ཡོད། དེར་བརྟེན་སྐུ་ཉིད་མཆོག་ད་རེས་འདི་གར་ཆིབས་སྒྱུར་བསྐྱངས་པར་ང་ཚོར་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། ཞེས་ཞུས་ཡོད། དེ་རྗེས་ཇོན་ཊེམ་པལ་ཊོན་ཐེབས་རྩ་ཁང་གི་ཚོགས་གཙོ་ཇོན་ཊེམ་པལ་ཊོན་ (John Templeton) མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༡༠༡༢ ཊེམ་པལ་ཊོན་གཟེངས་རྟགས་འདི་བཞིན་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུ་བྱུང་བ་ནི་སྐལ་བཟང་དང་གཟི་བརྗིད་ལྡན་པ་ཞིག་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་ལ་འབུལ་ལམ་ཞུ་རྒྱུའི་གཟེངས་རྟགས་འདི་ང་ཚོའི་ཐེབས་རྩ་ཁང་གི་བཤེར་དཔང་དགུས་ཐག་གཅོད་གནང་བ་ཞིག་རེད། གང་ལ་ཞེ་ན། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་དུས་རྟག་ཏུ་བྱམས་པ་དང་སྙིང་རྗེ། ཞི་བདེ་གོང་འཕེལ་ཆེད་སྐུ་ལས་བསྐྱོན་དང་སྐྱོན་མུས་རེད། སྐུ་ཉིད་མཆོག་གིས་ནང་ཆོས་དང་ཚན་རིག་དབར་འབྲེལ་བ་གནང་བ་མ་ཟད། ཆོས་ལུགས་གཞན་གྱི་དབུ་ཁྲིད་རྣམས་དང་འབྲེལ་བ་གནང་བ་བརྒྱུད་ཀུན་ཁྱབ་འགན་ཁུར་དང་འཚེ་མེད་ཞི་བ། ཆོས་ལུགས་ཕན་ཚུན་དབར་མཐུན་སྒྲིལ་གོང་འཕེལ་གཏོང་ཐབས་ཆེད་རླབས་ཆེན་གྱི་མཛད་འཕྲིན་འགྲན་ཟླ་བྲལ་བ་བསྐྱངས་དང་སྐྱོང་མུས་ཡིན་པར་བརྟེན། གཟེངས་རྟགས་འདི་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ་འབུལ་ལམ་ཞུས་པ་ཡིན། ཞེས་གསུངས་ཡོད།
དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། ཇོན་ཊེམ་པལ་ཊོན་ཐེབས་རྩ་ཁང་ནས་ (John Templeton Foundation) འདི་ལོའི་ཇོན་ཊེམ་པེལ་ཊོན་གཟེངས་རྟགས་འདི་ངོས་ལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་རང་ལ་མི་གཞན་དང་མི་འདྲ་བའི་དམིགས་བསལ་དེ་འདྲ་གང་ཡང་མེད། འོན་ཀྱང་ངོས་རང་གི་མི་ཚེའི་ནང་ཞི་བདེ་དང་བྱམས་བརྩེ། བཟོད་བསྲན་སོགས་ཉམས་ལེན་བྱེད་རྒྱུའི་གོ་སྐབས་བྱུང་བར་བརྟེན། ངོས་རང་གི་ཉམས་མྱོང་རྣམས་མི་གཞན་དང་མཉམ་སྤྱོད་བྱེད་ཀྱི་ཡོད། འཛམ་གླིང་འདིའི་ཐོག་འགྲོ་བ་མི་རིགས་ཚང་མ་གཅིག་མཚུངས་ཡིན། དེར་བརྟེན་མི་རིགས་ཕན་ཚུན་དབྱེ་འབྱེད་བྱེད་རྒྱུའི་ཀུན་སློང་དེ་དག་མེད་པ་བཟོ་དགོས། འཛམ་གླིང་འདིའི་ཐོག་ཡོད་པའི་ཆོས་ལུགས་རྣམས་ལྟ་གྲུབ་ཐ་དད་ཡིན་རུང་ཆོས་ལུགས་ཚང་མས་སེམས་བཟང་པོ་དང་བཟོད་བསྲན་བྱེད་དགོས་པ་གསུང་གི་ཡོད། དེ་བཞིན་ངོས་ལ་གནང་བའི་བྱ་དགའི་དངུལ་འབོར་མང་ཆེ་བ་བྱིས་པའི་ཐེབས་རྩ་ཁང་ལ་ (Save the Chidren’s Fund) སྤྲོད་དགོས་པའི་རྒྱུ་མཚན་ནི་ཕྱི་ལོ་ ༡༩༦༠ ནང་བོད་མི་སྐྱབས་བཅོལ་དུ་སླེབས་སྐབས། བོད་པའི་ཕྲུ་གུ་ཚོར་རོགས་མགོན་གཙོ་བོ་གནང་མཁན་ཐེབས་རྩ་ཁང་དེ་ཡིན། ཐེབས་རྩ་ཁང་དེ་ནས་འཛམ་གླིང་ནང་གི་བྱིས་པའི་སློབ་གསོའི་ཐོག་འགྲོ་གྲོན་བཏང་དང་གཏོང་མུས་ཡིན་པར་ངོས་ཀྱིས་ཁྱེད་རྣམས་པའི་ཕྱག་ལས་བསྔགས་བརྗོད་ཞུ་རྒྱུ་ཡིན་སོགས་ཀྱི་བཀའ་སློབ་སྩལ་ཡོད།
དེ་བཞིན་༸གོང་ས་མཆོག་ལ་འཛམ་གླིང་སྟེང་གི་དངུལ་འབོར་ཆེ་ཤོས་ཀྱི་གཟེངས་རྟགས་འབུལ་ལམ་ཞུས་པའི་དངུལ་རྣམས་མགོན་པོ་གང་ཉིད་མཆོག་གིས་རྒྱ་གར་གྱི་བྱིས་པ་ཐེབས་རྩ་ཁང་ལ་དབྱིན་སྒོར་ ༩༣༠༠༠༠ དང་། སེམས་དང་སྲོག་གི་ཞིབ་འཇུག་ཁང་ལ་དབྱིན་སྒོར་ ༡༢༥༠༠༠ དེ་ནས་དངུལ་ལྷག་འཕྲོ་རྣམས་རྒྱ་གར་ནང་དགེ་འདུན་པ་ཚོས་ཚན་རིག་སློབ་སྦྱོང་གནང་མུས་ལ་གསོལ་རས་སྩལ་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད།
གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོར་གནད་ཡོད་མི་སྣ་བརྒྱ་ཕྲག་མང་པོ་ཕེབས་ཆེད་གནང་འདུག་ལ་མཛད་སྒོ་ཆ་ཚང་དྲ་རྒྱའི་ཐོག་འཛམ་གླིང་ཁྱོན་ཡོངས་ལ་བསྟན་ཡོད་པས་མི་མང་ཁྲི་སྟོང་མང་པོས་དངོས་སུ་ཞལ་མཇལ་བ་ལྟར་གཟིགས་ཐུབ་པ་བྱུང་ཡོད།
སྤྱིར་བཏང་གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༡༨༧༢ ལོར་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། འཛམ་གླིང་སྤྱི་ལ་ཕན་པའི་ལས་དོན་དངོས་ལ་མཚུངས་ཟླ་མེད་པའི་ལེགས་སྐྱེས་འབུལ་མཁན་རྣམས་ལ་འབུལ་སྲོལ་ཡོད་པ་བཅས། །