༢༠༡༢ ཟླ་ ༥ ཚེས་ ༣༠ རེས་གཟའ་ལྷག་པ།
༄༅། །བོད་མི་རྣམས་བཙན་བྱོལ་དུ་ལོ་ངོ་ ༥༠ ལྷག་གནས་པའི་བརྒྱུད་རིམ་ཁྲོད་སྤྱི་ཚོགས་ཁོར་ཡུག་དང་མི་རབས་བརྗེ་འགྱུར་ལ་བརྟེན་ནས་སྐད་དང་རིག་གཞུང་ཉམས་རྒུད་ཇི་ཆེར་འགྲོ་བཞིན་ཡོད་ཅིང། ཁྱད་པར་ཉེ་བའི་ལོ་ངོ་བཅུ་ཕྲག་ལྷག་རིང་བོད་མི་རྣམས་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་གནས་སྤོས་ཀྱི་གྲངས་འབོར་ལྡབ་འཕར་བྱུང་བ་དང་འབྲེལ། ཕྱི་སྡོད་བོད་མིའི་བུ་ཕྲུག་ལ་མི་རིགས་ཀྱི་སྐད་ཡིག་རིག་གཞུང་གི་གཅེས་ནོར་བརྒྱུད་སྤྲོད་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ་གཤིས། ད་བར་ས་གནས་མང་པོ་ཞིག་ཏུ་བོད་མི་ཚོགས་སྒེར་ཅི་རིགས་ནས་རིགས་ཞེན་ལྷག་བསམ་གྱིས་དང་དུ་བླངས་ནས་སློབ་གྲྭ་དང་འཛིན་གྲྭ་ཟུར་འཛུགས་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྩམས་དང་རྩོམ་བཞིན་ཡོད་པར་བསྔགས་བརྗོད་ཡི་རང་དང་ཆབས་ཅིག འདི་ག་ཤེས་རིག་ལས་ཁུངས་ནས་གོང་གསལ་གནས་སྟངས་ལ་ཆེད་དུ་དམིགས་ཏེ་སྐད་ཡིག་གཉིས་པའི་ལམ་ནས་བོད་ཡིག་སློབ་ཁྲིད་ཀྱི་བསླབ་གཞིའམ་སློབ་དེབ་རྩོམ་སྒྲིག་བྱ་རྒྱུའི་ཐག་གཅོད་དང་འབྲེལ༌འདི་ལོ་ནས་བཟུང་ལས་གཞི་དངོས་སུ་འགོ་འཛུགས་ཞུས་ཡོད། ལས་གཞི་འདི་ཉིད་བཙན་བྱོལ་བོད་མིའི་ཤེས་ཡོན་ལྷན་ཚོགས་ཀྱི་སྤྱི་ཁྱབ་ཡིག་ཚང་ནས་ལག་བསྟར་བྱ་རྒྱུ་ཡིན་ཞིང། ལས་གཞི་ཧྲིལ་པོའི་སྒྲོམ་གཞི་ངོ་སྤྲོད་ཞུས་པ་གཤམ་གསལ།
- སྔོན་འགྲོ་ནས་གཞི་རིམ་བར་མ་འཛིན་རིམ་བརྒྱད་པའི་གནས་ཚད་བར་གྱི་བོད་སྐད་སློབ་དེབ་དང། སློབ་ཁྲིད་ ཀྱི་ཡོ་ཆས་སུ་གྱུར་པའི་སྒྲ་ཕབ་དང་བརྙན་ཕབ་འོད་སྡེར་བཅས་རྩོམ་སྒྲིག་བྱ་རྒྱུ།
- བསླབ་གཞི་འདི་བེད་སྤྱོད་གཏོང་མཁན་དགེ་སློབ་གཉིས་ཀྱི་གནས་སྟངས་ལ་གཞིགས་ཏེ་སྔོན་འགྲོའི་ཉམས་ཞིབ་ བྱ་སླད། གཞུང་འབྲེལ་བཀོད་ཁྱབ་དང་བརྒྱུད་ལམ་གྱི་ཁྱབ་བསྒྲགས་ལ་བརྟེན་ནས། ལས་གཞི་འདི་དང་འབྲེལ་ཡོད་བོད་མི་རྣམས་ནས་ཕྱར་གྲུ་མཉམ་འདེགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ།
- ལས་འཆར་འདིའི་དུས་ཡུན་ལོ་ལྔ་ཡིན་ཞིང། བསླབ་གཞི་རྩོམ་སྒྲིག་གི་ལས་རིམ་དང་འབྲེལ་བའི་དགོངས་འཆར་དང། དཔྱད་གཞི་ངོ་སྤྲོད། ལས་དོན་མཉམ་རོགས། རྒྱུན་མཐུད་འབྲེལ་གཏུགས་སོགས་ཡོང་སླད། སྐད་ཡིག་གཉིས་པའི་ལམ་ནས་བོད་སྐད་སློབ་ཁྲིད་ཀྱི་དགོས་མཁོ་དང་ལག་ལེན་གྱི་ཉམས་མྱོང་ལྡན་པའི་བོད་རིགས་གང་ན་སུ་ཡོད་ཀུན་གྱིས་ཤེས་རིག་ལས་ཁུངས་ཀྱི་ཞལ་བྱང་ངམ། གཤམ་འཁོད་གློག་འཕྲིན༌དང་ལག་འཁྱེར་ཞལ་པར་ཅི་རིགས་བརྒྱུད་འདི་གར་འབྲེལ་གཏུགས་གནང་བར་དགའ་བསུ་ཞུ།
བཅས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས། ཕྱི་ལོ་ ༢༠༡༢ ཟླ་ ༥ ཚེས་ ༢༨ ཉིན།
གློག་འཕྲིན༌ཁ༌བྱང། [email protected]
ལག་འཁྱེར་ཁ་པར། Tashidhondup, 9418316886
ཡིག་འབྲེལ་ཁ་བྱང།
Department of Education,
Central Tibetan Administration,
Gangchen Kyishong,
Dharamsala – 176215.
District Kangra,
Himachal Pradesh.
INDIA